ཁ་གཅིག་གྲག་ཡོང་སྲིད་དམ།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་སྤྱི་ཚོགས་ནང་རྩོད་རྙོག་ཡོད་ན་མི་འགྲིག་པ་དང་། ལྷག་པར་དུ་གྲོས་ཚོགས་ནང་ལྟ་ཚུལ་མི་མཐུན་པ་ཡོད་ན་མི་འགྲིག་པར་ཚང་མ་ཁ་གཅིག་གྲག་དགོས་པའི་བསམ་ཚུལ་ཤོད་མཁན་ཡང་མང་པོ་འདུག དེ་ལྟ་བུ་ཤོད་དགོས་པའི་རྒྱབ་ལྗོངས་ཀྱི་ཐོག་ནས་རྒྱུ་མཚན་མེད་པ་ཞིག་མིན་མོད། མང་གཙོའི་སྤྱི་ཚོགས་ཀྱི་གྲོས་ཚོགས་ར་བའི་ནང་གནད་དོན་གང་ཡིན་ཡང་ཁ་གཅིག་གྲག་ཅིག་ཡོང་མི་སྲིད་པ་དང་། གལ་སྲིད་མང་གཙོའི་ལམ་ལུགས་སུ་འདོད་པའི་གྲོས་ཚོགས་ནང་གནད་དོན་གང་ཡིན་ནའང་། གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལྟ་ཚུལ་མི་མཐུན་པ་གང་ཡང་མེད་པར་ཁ་གཅིག་གྲག་ཡིན་ན། སྐབས་དེ་དུས་གྲོས་ཚོགས་ནང་སྨྲ་བརྗོད་རང་དབང་གི་ཐོག་ནས་དཀའ་ངལ་ཞིག་ཡོད་པའམ། ཕྱོགས་གང་ཞིག་ནས་གནོན་ཤུགས་ཆེན་པོ་ཞིག་ཡོད་པའི་མངོན་རྟགས་སུ་གྱུར་ཡོད། གཞན་མང་གཙོའི་སྤྱི་ཚོགས་ནང་གྲོས་ཚོགས་ཞེས་པ་ནི་བསམ་ཚུལ་མི་མཐུན་པ་གང་ཡོད་པ་ཚང་མ་སྤུངས་ནས་མཐའ་མ་ཐག་གཅོད་ཅིག་གི་ཐོག་ལ་འགྲོ་ཐུབ་དགོས་པ་དེ་རེད།

དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཁ་ནས་བརྗོད་མཁན་མང་ཤོས་སུ་གྱུར་པའི་སྐད་ཆ་གཅིག་ནི་རྡོག་རྩ་གཅིག་སྒྲིལ་ཞེས་པ་དེ་ཡིན་ཞིང་། དོན་དམ་པར་རྡོག་རྩ་གཅིག་སྒྲིལ་དགོས་ཚུལ་བརྗོད་མཁན་དག་གི་ངོས་ནས་ཀྱང་། མཐར་གཏུག་ན་རང་ཉིད་ཀྱི་ངོས་ནས་གུ་ཡངས་སྤུ་རྩེ་ཙམ་མི་བྱེད་པར། རང་ཉིད་ཀྱི་ལངས་ཕྱོགས་སམ་ལྟ་ཚུལ་དང་མི་མཐུན་པ་དག་ཚུར་ཡོང་དགོས་པའི་རེ་བ་བརྒྱབ་པ་ཙམ་ལས། རང་ཉིད་ཀྱི་ལངས་ཕྱོགས་སམ་བསམ་ཚུལ་དེ་གཡུགས་ནས་གཞན་ལ་བསྟུན་མཁས་དང་གུ་ཡངས་ཀྱི་བསམ་བློ་གཏོང་རྒྱུ་དེ་གཏན་ནས་མ་རེད། ཕྱོགས་སོ་སོ་ནས་རང་ཉིད་ཀྱི་ལངས་ཕྱོགས་དེ་མཁྲེགས་འཛིན་ཁོ་ན་ལས་ལ་ཉག་མཛོ་གཟེངས་ཀྱི་བསམ་བློ་མ་བཏང་ན། སྐབས་འདིའི་རྡོག་རྩ་གཅིག་སྒྲིལ་ཟེར་བའི་འབོད་ཚིག་དེ་མཐུན་སྒྲིལ་ཡོང་བའི་གཞི་རྩ་ཞིག་ཏུ་གཏན་ནས་གྱུར་མེད། བསམ་བློ་གཏོང་སྟངས་མི་འདྲ་བ་མང་པོ་ཡོད་པ་ཆོས་ཉིད་ཡིན་པས་བསམ་ཚུལ་དེ་དག་ལ་ཕན་ཚུན་གུས་བཀུར་དང་གུ་ཡངས་བྱེད་ཐུབ་ན་དོན་དམ་པའི་གཅིག་སྒྲིལ་ཡོང་ངེས་རེད།

ལྟ་ཚུལ་མི་མཐུན་པའི་རྩོད་གླེང་ཡོད་པ་དང་། རང་ཉིད་ཀྱི་བསམ་ཚུལ་གཙོར་འདོན་ནམ་མཐའ་འཁྱོངས་བྱ་རྒྱུའི་ཁོར་ཡུག་དང་རང་དབང་ཡོད་པ་དེ་མང་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་སམ་ཁེ་ཕན་ཆེ་ཤོས་དེ་ཡིན་ལ། གྲོས་ཚོགས་ནང་རྩོད་གླེང་ཡོང་བ་ལ་བརྟེན་ནས་སྤྱི་ཚོགས་ཁ་འཐོར་དུ་འགྲོ་གི་ཡོད་ན། སྤྱི་ཚོགས་དེའི་ནང་མང་གཙོའི་གོ་རྟོགས་མུ་མཐུད་ཡར་རྒྱས་གཏོང་དགོས་པའི་གནད་དོན་མང་པོ་ལྷག་ཡོད་པ་རེད། མང་གཙོའི་གོ་རྟོགས་ཡོད་པའི་མི་ཞིག་ལ་མཚོན་ན་གྲོས་ཚོགས་ར་བ་རུ་རྩོད་གླེང་མི་ཡོང་བའི་ཆེད་དུ་རང་ཉིད་ལ་མཐོང་ཚུལ་གང་ཡོད་པ་དེ་སྦས། གཞན་གྱི་སྐྱོན་དང་ནོར་འཁྲུལ་གང་ཡོད་པ་དེ་མ་བརྗོད་པར། གཞན་གྱི་བསམ་བློ་དང་མཐུན་ཐབས་ཀྱི་སྤྲེལ་ལད་ཁོ་ན་འཁྲབ་བསྡད་ན། སྤྱི་ཚོགས་དང་སྒྲིག་འཛུགས་གང་ཡིན་ཡང་རུལ་སུངས་ཅན་དུ་འགྱུར་འགྲོ་བ་དང་། མང་གཙོའི་ལེགས་བྱང་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་ངེས་རེད། མ་འོངས་པར་ལས་དོན་གང་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་བྱེད་ཐུབ་ན་ཕན་ཐོགས་ལས་གནོད་དུ་འགྱུར་མི་སྲིད།

གྲོས་ཚོགས་ནང་བསམ་ཚུལ་མི་མཐུན་པ་མེད་པར་ཐག་གཅོད་ཚང་མ་གཅིག་པ་དང་། གནད་དོན་གང་ཞིག་གི་ཐོག་ལ་ཐག་གཅོད་བྱས་ཀྱང་ཚང་མས་ལག་པ་མཉམ་དུ་འགྱོགས་རྐྱང་དགོས་ན། དམར་ཤོག་དབང་འཛིན་ལམ་ལུགས་ནང་ཡོད་པ་ལས། མང་གཙོའི་སྤྱི་ཚོགས་ནང་དེ་ལྟ་བུ་ཞིག་ཡོང་མི་སྲིད་པ་རེད། བོད་ནང་ནས་ཀྱང་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་བཙན་བྱོལ་ནང་རང་ཉིད་ཀྱི་བསམ་ཚུལ་གཙོར་འདོན་གྱིས་ལངས་ཕྱོགས་མཐའ་འཁྱོངས་བྱ་རྒྱུའི་ཁོར་ཡུག་དང་རང་དབང་ཡོད་པ་དེ་ཡིད་སྨོན་ཆེ་ཤོས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་ལས། བཙན་བྱོལ་ནང་གནད་དོན་ག་རེའི་ཐོག་ནས་ཡིན་ཡང་ཁག་གཅིག་གྲག་ཡིན་ན་བོད་ནང་གི་ཤེས་ལྡན་པ་མང་པོ་ཞིག་ལ་དོགས་པ་དང་ཐེ་ཚོམ་ཡོང་ངེས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རང་དབང་དང་མང་གཙོའི་ཐོབ་ཐང་ཚད་ལྡན་ཞིག་ཡོད་པར་ངོས་འཛིན་བྱེད་ཁག་པོ་རེད། དེ་ཡིན་དུས་གྲོས་ཚོགས་ནང་བསམ་ཚུལ་མི་མཐུན་པ་དག་ལ་རྩོད་གླེང་བྱ་རྒྱུའི་ཁོར་ཡུག་དང་གོ་སྐབས་ཡོད་པ་དེ་ཧ་ཅང་གི་རིན་ཐང་ཅན་ཞིག་ཏུ་ངོས་འཛིན་བྱེད་ཆོག

མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དང་གྲོས་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་པ་དེ་གལ་ཆེ་ཤོས་ཡིན་ནའང་། རྡོག་རྩ་གཅིག་སྒྲིལ་དེ་བསམ་ཚུལ་མི་མཐུན་པ་གཏན་ནས་ཡོང་མི་ཆོག་པ་ཞིག་དང་། ཕན་ཚུན་སྐྱོན་བརྗོད་གཏན་ནས་མི་བྱེད་པར་གྲོས་ཚོགས་ར་བའི་རྣམ་པ་ཙམ་ཞི་འཇམ་གྱི་ཁོར་ཡུག་ཅིག་བསྐྲུན་ཐབས་ཁོ་ན་དགོས་ན། དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་རུལ་སུངས་ཅན་དུ་གྱུར་པ་དང་། ༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་ནས་མང་གཙོའི་ལམ་ལུགས་གསོལ་སྩལ་གནང་བའི་དགོས་དོན་ཡང་མ་འགྲུབ་པ་རེད། འོན་ཀྱང་རྩོད་གླེང་ག་རེ་ཡིན་ཡང་གནད་དོན་ཁོ་ན་བལྟས་ནས་ཡིན་དགོས་པ་ལས། གང་ཟག་སྒེར་དང་ཁ་ཕྱོགས་གཅིག་ཙམ་ལ་བརྟེན་པའི་རྩོད་གླེང་མང་པོ་ཡོད་ན། མིའི་ལུང་པར་སྐྱབས་བཅོལ་དུ་ཡོད་པའི་སྒྲིག་འཛུགས་ཤིག་རྒྱུན་གནས་ཐུབ་མིན་གྱི་མཚམས་སུ་སླེབས་པ་རེད། གང་ཟག་ལ་མི་རྟོན་པར་གནད་དོན་ལ་རྟོན་ཐུབ་པའི་རྩོད་གླེང་རིགས་ནི་ཡོད་དགོས་པ་དང་ཕན་ཐོགས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་དགོས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||