ཁེ་ན་ཌས་རྒྱ་ནག་གི་ཁ་པར་ཚོང་ལས་ཁང་གཉིས་ལ་བཀག་སྡོམ་བྱས་འདུག

 ཁེ་ན་ཌ་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་གཞན་ལྟར། རྒྱལ་ཁབ་དེའི་ཁ་པར་གྱི་བརྡ་རྟགས་ཚད་རིམ་༥ ཅན་གྱི་ལས་དོན་ནང་དུ་རྒྱ་ནག་གི་ཁ་པར་ཚོང་ལས་ཁང་ཆེ་ཤོས་གྲས་ཡིན་པ་ཧུ་ཝེ་དང་ཛེ་ཀྲི་དབྱི་གཉིས་ཀྱི་འཕྲུལ་ཆས་བེད་སྤྱོད་གཏོང་མི་ཆོག་པའི་ཐག་གཅོད་བྱས་འདུག 

ཟླ་༥ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཁེ་ན་ཌའི་བཟོ་སྐྲུན་ཚོང་ལས་ཀྱི་བློན་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་ཁ་པར་ཚོང་ལས་ཁང་ཧུ་ཝེ་(Huawei) དང་ཛེ་ཀྲི་ཨེ་(ZTE) གཉིས་ཀྱི་འཕྲུལ་ཆས་རྣམས། ཁེ་ན་ཌའི་ཁ་པར་དང་དྲ་རྒྱའི་བརྡ་རྟགས་ཚད་རིམས་༥ ཅན་གྱི་ལས་དོན་ནང་དུ་བེད་སྤྱོད་གཏོང་མི་ཆོག་པའི་ཐག་གཅོད་བྱས་ཡོད་པ་དང་། གཞུང་གིས་ག་དུས་ཡིན་ཡང་ཁེ་ཌ་ན་མི་མང་གི་བདེ་སྲུང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ཁ་པར་འབྲེལ་མཐུད་ཀྱི་འཛུགས་སྐྲུན་ལས་གཞི་སྲུང་སྐྱོབ་བྱེད་ཆེད་དུ་དགོས་ངེས་ཅན་གྱི་ལས་དོན་སྤེལ་རྒྱུ་ཡིན་པ། བརྡ་རྟགས་ཚད་རིམ་༥ ཅན་གྱི་འཛམ་གླིང་ནང་དུ། མི་ཚོས་ཉིན་རེའི་འཚོ་བའི་ནང་བརྡ་རྟགས་ལ་མང་ནས་མང་དུ་བརྟེན་གྱི་ཡོད་པའི་དུས་སྐབས་དེར། ཐག་གཅོད་དེ་ནི་འགྲིག་པ་ཞིག་ཡིན་པ་དང་། ཐག་གཅོད་དེ་ནི་བདེ་སྲུང་ལས་ཁང་ཁག་གི་བསྐྱར་ཞིབ་འཐུས་ཚང་བྱས་པ་དང་མཐུན་ཕྱོགས་རྒྱལ་ཁབ་ཉེ་ཤོས་ཁག་དང་གྲོས་འདྲིས་བྱས་ཟིན་པའི་རྗེས་བླངས་པ་ཞིག་ཡིན་སྐོར་བརྗོད་འདུག 

ཨ་རི་དང་དབྱིན་ཡུལ། ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌ་སོགས་རྒྱལ་ཁབ་གཞན་ཁག་ཅིག་ནས་བརྡ་རྟགས་ཚད་རིམ་༥ ཅན་གྱི་ལས་དོན་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་བཀག་སྡོམ་བྱས་ཟིན་ཡོད་པ་རེད་འདུག 

ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞིག་གིས་ཁེ་ན་ཌ་གཞུང་གིས་བདེ་སྲུང་ལ་སེམས་འཚབ་ཡོད་པའི་ཐོག་ནས་་ཐག་གཅོད་དེ་འདྲ་བྱས་པ་ཡིན་ཚུལ་བརྗོད་བཞིན་པ་དེ་ནི་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་སྦས་ཐབས་བྱེད་པ་ལས་གང་ཡང་མིན་སྐོར་བརྗོད་འདུག 

ཁེ་ན་ཌར་ཡོད་པའི་ཧུ་ཝེ་ཚོང་ལས་ཁང་གིས་ཐག་གཅོད་དེ་ནི་སྲིད་དོན་གྱི་ཐག་གཅོད་གཅིག་ཡིན་པ་ལས། དྲ་ཐོག་བདེ་འཇགས་དང་འབྲེལ་བ་གང་ཡང་མེད་པ། ཁོ་ཚོའི་འཕྲུལ་ཆས་རྣམས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་དང་བདེ་སྲུང་ལས་ཁང་ཁག་ནས་རྟོག་ཞིབ་ནན་པོ་བྱས་ཡོད་པ་དང་། ད་ལྟ་བར་བདེ་སྲུང་ལ་ཉེན་ཚབས་ཡོད་པའི་གནད་དོན་གང་ཡང་ལྷག་མེད་པ། ཁེ་ན་ཌ་ནང་དུ་ཧུ་ཝེ་ཡི་འཕྲུལ་ཆས་དང་ཞབས་ཞུ་བཀག་སྡོམ་བྱས་པ་ལ་བརྟེན་ནས། རྒྱལ་ཁབ་དེའི་ནང་དུ་འབྲེལ་མཐུད་ཀྱི་རིན་གོང་མཐོ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག 

ཕྱི་ལོ་༢༠༡༨ ལོའི་ཟླ་༨ པའི་ནང་ཁེ་ན་ཌ་གཞུང་གིས་ཧུ་ཝེ་ཚོང་ལས་ཁང་གི་འཕྲུལ་ཆས་རྣམས་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། ཐེངས་འདིར་དངོས་སུ་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་བ་ལ་བརྟེན་ནས། ཧུ་ཝེ་དང་ཛེ་ཀྲི་ཨེ་ཡི་འཕྲུལ་ཆས་ཁ་པར་དང་དྲ་རྒྱའི་བརྡ་རྟགས་ཆེད་དུ་བེད་སྤྱོད་བྱེད་མཁན་ཚོས་འཕྲུལ་ཆས་རྣམས་ཕྱིར་འདོན་དགོས་ཀྱི་ཡོད་འདུག 

དེ་སྔོན་ཨུ་རུ་སུ་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་དང་ཨུ་རུ་སུའི་ཁ་པར་འབྲེལ་མཐུད་ཚོང་ལས་ཁང་(MTS) གཉིས་བར། ཕྱི་ལོ་༢༠༢༠ ལོའི་ནང་ཚོང་ལས་ཁང་གཉིས་ཀྱིས་ཨུ་རུ་སུ་ནང་བརྡ་རྟགས་ཚད་རིམ་༥ པའི་འཕྲུལ་ཆས་བཟོ་སྐྲུན་བྱས་ནས། ཚོད་ལྟའི་ཆེད་འགྲེམས་སྤེལ་བྱེད་རྒྱུའི་གྲོས་མཐུན་བཞག་པ་ལ་མིང་རྟགས་བཀོད་ཡོད་འདུག ཧུ་ཝེ་ཚོང་ལས་ཁང་གི་མཐོ་རིམ་ལས་བྱེད་ཅིག་གིས། གལ་གནད་ཆེ་བའི་བརྡ་རྟགས་ཚད་རིམ་༥ པ་དང་འབྲེལ་ནས་གྲོས་མཐུན་འཇོག་ཐུབ་པར་ཤིན་ཏུ་དགའ་པོ་བྱུང་སྐོར་བརྗོད་འདུག 

འོན་ཀྱང་ཕྱི་ལོ་༢༠༢༡ ལོའི་ཟླ་༥ པའི་ནང་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་ལས་ཁང་གིས། རྒྱལ་ཁབ་དེའི་ནང་བརྡ་རྟགས་ཚད་རིམ་༥ ཅན་བཀོལ་སྤྱོད་ཀྱི་ཆེད་དུ་ཟླ་བ་༦ རིང་ཚོད་ལྟ་བྱེད་རྒྱུ་གསལ་བསྒྲགས་དང་། ཚོད་ལྟའི་ལས་དོན་ནང་མཉམ་ཞུགས་བྱེད་ཆོག་པའི་རྒྱ་གར་དང་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་གི་མིང་ཐོ་བཏོན་འདུག འོན་ཀྱང་གྲངས་ཐོའི་ནང་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་དང་ཛེ་ཀྲི་ཨེ་(ZTE) གཉིས་བཅུག་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||