གང་ཟག་གི་དབང་བསྒྱུར་ལ་ཕྱོགས་པ།

ཆེད་བརྗོད།
ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“མི་འབོར་གྲངས་བཤེར་ལབ་ཀྱི་ཡོད། ཞིབ་བཤེར་ལབ་ཀྱི་མེད། མི་འབོར་ཞིབ་བཤེར་དང་གྲངས་བཤེར་བར་ལ་ཁྱད་པར་ཡོད་རེད། ད་རེས་སྟབས་བདེ་པོ་བཟོས་ཡོད། ཤོག་བུ་གཅིག་མ་གཏོགས་ཡོད་མ་རེད། དེའི་ནང་དུ་ཆོལ་ཁ་ཆོས་བརྒྱུད་བཞག་བཞག་པ་དེ་བསམ་ཚུལ་འདྲ་ཞིག་བཤད་བསྡད་པ་དེ་འདྲ་འདུག བསམ་ཚུལ་དེ་འདྲ་ཡོང་དགོས་ཡ་གང་ཡང་ཡོད་མ་རེད། ང་རང་ཚོའི་སྤྱི་ཚོགས་ནང་དུ་ཆོལ་ཁ་རེ་རེའི་ནང་དུ་མི་ག་ཚོད་ཡོད་རེད་ཟེར་དུས་ཅིག་བཤད་ཡ་ཞིག་དགོས་རེད་མ་གཏོགས། ངས་ཧ་གོ་གི་མེད་ཅེས་བསྡད་བསྡད་ན་ཡོང་གི་མ་རེད་པཱ། དེ་འདྲའི་གནས་སྟངས་ཐོག་ནས་རེད། མ་འོངས་པར་མཐུན་རྐྱེན་སྦྱར་དགོས་ཀྱི་ཡོད་ནའང་རེད། འདི་ནས་མར་སྒྲིག་འཛུགས་ཀྱི་མཐུན་རྐྱེན་སྦྱར་ཡ་ཡིན་ནའང་རེད། ཐོ་གཞུང་དེའི་ནང་དུ་མེད་ན་ང་ཚོས་མ་འོངས་པར་སྦྱར་ཐུབ་ཀྱི་མ་རེད་དཱ། དེ་གསལ་པོ་ཞེ་བོ་ཞིག རྒྱབ་གཉེར་སྤྲད་དགོས་ནའང་། ཐོ་གཞུང་འདིའི་ནང་མེད་པ་ཡིན་ན་ང་ཚོས་རྒྱབ་གཉེར་སྤྲད་ཐུབ་ཀྱི་མ་རེད།”ཅེས་ཁ་ཚོན་བཅད་ནས་གསུངས་འདུག
མི་འབོར་ཞིབ་བཤེར་དང་གྲངས་བཤེར་གང་ཡིན་ཡང། ཐོ་གཞུང་དེའི་ནང་དུ་མ་ཚུད་པ་ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་སྦྱར་ཐུབ་ཀྱི་མ་རེད་དཱ། ད་དུང་རྒྱབ་གཉེར་ཙམ་ཡང་སྤྲོད་ཀྱི་མིན་ཞེས་ཚིག་ཐག་ཆོད་པའི་ཐོག་ནས་ཡོངས་གྲགས་གསུངས་པ་འདི་ལ་བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གཞི་འཛིན་ས་ཡོད་དང་མེད། གནད་དོན་འདི་བཙན་བྱོལ་བོད་མི་ཚང་མས་མཁྱེན་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས། “ལེའུ་གསུམ་པ། སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན།”དོན་ཚན་བཅོ་ལྔ་ནས་བཅོ་བརྒྱད་བར། སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་ཁག་གསལ་པོ་འཁོད་ཡོད་པས། སྲིད་སྐྱོང་གིས་བཤད་པ་བཞིན། མི་འབོར་གྲངས་བཤེར་ནང་མ་ཚུད་པ་ཙམ་གྱིས་མི་མང་གི་ཐོབ་ཐང་རྣམས་བཀག་ཆོག་ཆོག་ཅིག་གཏན་ནས་མིན་ལ། སྲིད་སྐྱོང་གིས་དེ་ལྟ་བུ་གསུངས་པ་ཙམ་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མ་ཞུས་པའི་དོགས་པ་བྱེད་འོས་པ་དང། སྲིད་སྐྱོང་བཅའ་ཁྲིམས་ཀྱི་སྒང་དུ་བཞེངས་ནས་གནང་བའི་ཐག་གཅོད་ཅིག་རེད།
ད་དུང་སྐབས་དེར་ཁོང་གིས་“མ་འོངས་པར་འོས་བསྡུའི་ལས་རིམ་དེ་ཡང་དྲ་རྒྱའི་བརྒྱུད་ནས་བྱེད་ཐུབ་པའི་དམིགས་ཡུལ་ཞིག་བཟུང་བསྡད་ཡོད་རེད། བྱུང་ན་༢༠༡༤ ལོ་མཇུག དེ་ནས་ཕར་འགྱང་པ་ཡིན་ནའང་༢༠༡༥ ལོར་འོས་བསྡུའི་མཉེན་ཆས་གསར་པ་ཞིག་བཟོ་ཐུབ་ཡ་དང། རྒྱལ་ཁབ་གཅིག་གི་ནང་དུ་བོད་པ་གཅིག་མ་གཏོགས་མེད་པ་ཡིན་ནའང། འོས་བླུག་ཐུབ་ཡ་གི་གནས་བབ་ཅིག་བཟོ་ཡ་གི་ལས་རིམ་ཞིག་སྒྲིག་གི་ཡོད། ཐོ་གཞུང་དེའི་ནང་དུ་མེད་པ་ཡིན་ན་ཁག་པོ་ཆགས་ཀྱི་རེད།”ཅེས་གསུངས་འདུག་ལ། ༢༠༡༤ དང་༢༠༡༥ ཟེར་བ་དེ་༢༠༢༤ དང་༢༠༢༥ ཡིན་ཡང་རྒྱུན་ལྡན་ལྟར་སྲིད་སྐྱོང་ཞལ་ནོར་བ་ཡིན་པ་ཤེས་ཐུབ་པས། གནད་འགག་དེ་ཙམ་མེད་ཀྱང། མི་འབོར་གྲངས་བཤེར་ནང་མ་ཚུད་པ་ཙམ་གྱིས་འོས་བསྡུའི་ཐོབ་ཐང་ལ་དོ་ཕོག་གཏོང་རྒྱུའི་འཆར་གཞི་འདི་ནི། མང་གཙོའི་ལམ་ལུགས་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་དང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་བསམ་བཞིན་རྩིས་མེད་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག
བཅའ་ཁྲིམས་དོན་ཚན་བཅུ་གཅིག་པ། “འོས་བསྡུ་དང༌། འོས་གཞིའི་ཐོབ་ཐང༌། ཁྲིམས་སྒྲིག་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་ཕོ་མོ་རང་ལོ་༡༨ ཧྲིལ་པོར་མ་ལོན་པ་ཡན་ཚང་མར་འོས་བསྡུའི་ཐོབ་ཐང་དང༌། ཁྲིམས་སྒྲིག་ཁག་གཞིར་བཟུང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།”ཅེས་བཅའ་ཁྲིམས་ནང་འོས་བསྡུ་དང་འོས་གཞིར་ཞུགས་པའི་ཐོབ་ཐང་གནང་ཡོད་པ་དང། དོན་ཚན་འདིའི་ནང་གསལ་བའི་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད་ཅེས་དང། འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཞེས་པ་ནི། བཅའ་ཁྲིམས་དང་སྒྲིག་གཞིའི་ནང་གཏན་ལ་ཕབ་ཟིན་པ་ཞིག་ཏུ་གོ་བ་ལས། སྲིད་སྐྱོང་གི་གཏམ་བཤད་ཅིག་གམ། ཡང་ན་བཀའ་ཤག་གིས་བཀོད་ཁྱབ་ཙམ་གྱིས་ནུས་མེད་གཏོང་ཐབས་གཏན་ནས་མེད་པར། དེ་ནི་སྤྱི་ཚོགས་ནང་དཀྲོག་རྐྱེན་སློང་གཞི་ཙམ་ཡིན། རྦད་དེ་སྒལ་རལ་བཙོང་ནས་ལག་བསྟར་བྱ་རྒྱུ་ཡིན་ཟེར་ན་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད།
མདོར་ན་བཀའ་བློན་དང་སྤྱི་འཐུས་སུ་ཡིན་ཡང་ཁྲིམས་སྒྲིག་ཁག་གལ་ཆེན་པོ་ཡིན་པ་དང། ངས་བརྩི་བཀུར་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཞལ་ནས་ཡང་ཡང་བཤད་པ་ཙམ་གྱིས་ཕན་ཐོགས་པ་ཞིག་མིན་ལ། དོན་དངོས་ལག་ལེན་གྱི་ཐོག་ནས་རྒྱབ་འགལ་འབའ་ཞིག་བྱས་ན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང། ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་ཕྱོགས་སུ་གོམ་པ་སྤོས་པ་ཞིག་ཏུ་གྱུར་ཡོད། འདི་ལྟར་སོང་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཀྱི་མང་གཙོའི་ལམ་ལུགས་ཀྱང་རིམ་པས་རྩ་མེད་དུ་འགྲོ་ངེས་པ་དང། དེ་ཙམ་དུ་མ་ཟད་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཡང་ཁ་འཐོར་དུ་འགྲོ་ངེས་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཉིད་ད་བར་གནས་ཐུབ་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་དང། མང་གཙོའི་ལུགས་ལ་བརྟེན་ནས་བྱུང་ཡོད་ལ། མ་འོངས་པར་ཡང་ཁྲིམས་སྒྲིག་གཙོ་བོར་འཛིན་པའི་མང་གཙོའི་ལམ་ལུགས་མེད་པར་གྱུར་སོང་ན་བོད་མིའི་སྒྲིག་འཛུགས་ཙམ་དུ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱང་ཁ་འཐོར་དུ་འགྲོ་ངེས་སུ་གྱུར་ཡོད།།
Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||