གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་ཚོགས་ཆུང་གིས་ལས་དོན་དབུ་འཛུགས་གནང་འདུག 

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན་ཚོགས་ཆུང་བསྐོ་འཛུགས་གནང་ནས་ལས་དོན་དབུ་འཛུགས་གནང་འདུག 

དེ་ཡང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་སྣོལ་འཇོག་གནང་བའི་གཞུང་འབྲེལ་ཡིག་ཆ་ཨང་ ༤༤ པའི་གྲོས་ཆོད་དོན་ཚན་ ༢ པའི་དགོངས་དོན་གཞིར་བཟུང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་ལས་བྱེད་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར། ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་བའི་མི་འགྲོར། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་བཅས་བསྐོ་གཞག་གནང་ཡོད་འདུག ཟླ་༡༡ པའི་ཚེས་ ༢ ཉིན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་དང་། དྲུང་ཆེ་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་བཅས་སུ་སྤྱི་མོས་ཀྱིས་ཐུགས་གཏན་ཁེལ་བ་དང་། དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་ནས། ཚོགས་གཙོ་སྦྲེལ་པོ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད་པ་རེད་འདུག 

 

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་༤ པའི་ལས་ཉིན་མཐའ་མ་ཏེ་ཟླ་༩ པའི་ཚེས་༡༦ ཉིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་པའི་ནང་། འཛིན་སྐྱོང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུར་ཉེན་ཁ་ལ་གདོང་ལེན་གནང་སྟེ་སྐྱོབ་ཐུབ་པའི་ཐབས་ལམ་གང་ཡིན་ལམ་སྟོན་གནང་དགོས་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་གནང་ཕྱོགས་ཀྱང་གནས་སྟངས་ལ་གཟིགས་ནས་ད་མུས་ཇི་བཞིན་ནམ། རང་སྐྱོང་གི་ངོ་བོར་སྒྱུར་རྒྱུ། གཞན་ཇི་འགབ་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། གལ་ཏེ་མུ་མཐུད་གནས་ཐབས་མེད་པའི་ཟློག་མེད་གནས་སྟངས་འགྱུར་ཚེ་དེ་ལུགས་གྲོས་ཚོགས་སུ་སྙན་སེང་གིས་ཐག་གཅོད་ཡོང་ཐབས་དགོས་རྒྱུ་ཞེས་གསལ་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་དེ་ལ་བཟོ་བཅོས་གྲོས་འཆར་ཞིག་ཆེད་འདོན་གནང་སོང་བ་དང་། དེའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་སུ་ཚོགས་གཙོ་སྦྲེལ་པོས་བསྐོ་བཙུགས་བྱས་པའི་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་བསྐོ་གཏོང་བྱས་པའི་མི་འགྲོ་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་དེ་དག་ཡོང་སྟངས། འགན་འཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་བཀོད་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ལྔ་པར་འབུལ་ལམ་ཞུ་ཐུབ་པ་བྱེད་དགོས་ཞེས་གསལ་ཡོད་པ་རེད། 

སྲིད་སྐྱོང་གིས་སྤྱི་འཐུས་རྣམ་པའི་དྲི་བ་དང་དགོངས་ཚུལ་ཁག་ལ་གསལ་བཤད་དང་ལན་འདེབས་སོགས་གནང་རྗེས། ཚོགས་གཙོས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༠ དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༣ བཅས་བྱུང་མཐར་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་མཐའ་མའི་གཏན་འབེབས་ཐོག་ཕེབས་ཡོད།

མཐའ་མའི་གཏན་འབེབས་ཀྱི་ལས་རིམ་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་གནང་མཁན་སྤྱི་འཐུས་ ༩ དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༦ བཅས་བྱུང་སྟེ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གྲོས་ཆོད་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་མཇུག་སྐྱོང་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལས་གྲུབ་པའི་མི་སྣ་ལྔ་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། དེ་བཞིན་ལས་བྱེད་འདེམས་སྒྲུག་བསྐོ་གཞག མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་སོགས་ཀྱི་འགྲོ་ལུགས་བཟོས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་འབུལ་ལམ་ཞུ་ཐུབ་པ་གནང་གཏན་ཁེལ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||