དངོས་ཁམས་རིག་པའི་ཐོག་འབུམ་རམས་པ་བསྟན་འཛིན་རབ་དགའ་ལ་བཅར་འདྲི། 

བཙན་བྱོལ་བོད་མིའི་ཁྲོད་དུ་ཚན་རིག་གི་སློབ་ཚན་ཐོག་ཏུ་ཆེད་གཉེར་སློབ་སྦྱོང་བྱེད་མཁན་ཤིན་ཏུ་ཉུང་ཉུང་ཡིན་ཁར། ལྷག་པར་དུ་དངོས་ཁམས་རིག་པའི་ཐོག་ཏུ་འབུམ་རམས་པ་ཐོན་མཁན་ནི་དེ་བས་དཀོན་པོ་རེད། ཐེངས་འདིར་ལོ་མང་རིང་བརྩོན་པ་ཆུ་རྒྱུན་ལྟར་བྱས་རྗེས། ༢༠༢༠ ལོའི་ཟླ་༡༡ པའི་ཚེས་༣༠  ཉིན་བསྟན་འཛིན་རབ་དགའ་དངོས་ཁམས་རིག་པའི་ཐོག་འབུམ་རམས་པ་ཐོན་ཡོད་པས། འདི་ག་གསར་འགོད་པས་བཅར་འདྲི་བྱས་པ་ཡིན། 

དྲི་བ། ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས། 

ལན། ང་རང་ཆུང་དུས་སུ་འཚར་ལོངས་བྱུང་ཡུལ་རྡ་ས་ཡིན་པ་དང་། འཛིན་རིམ་བརྒྱད་པ་བར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང་། དེ་རྗེས་འཛིན་རིམ་བཅུ་པ་བར་ལོ་གསུམ་རིང་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་ཡིན། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་སློབ་ཡོན་རོགས་སྐྱོར་འོག རྒྱ་གར་གྲོང་ཁྱེར་པུ་ནཱེར་ཡོད་པའི་(Mahindra United world College) ལ་སློབ་སྦྱོང་བྱས་ཡིན། དེ་རྗེས་ཨ་རིར་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་(MIT- Massachusetts Institute of Technology) ལ། ལོ་བཞིའི་རིང་དངོས་ཁམས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས། དེ་རྗེས་ད་ལྟ་བར་མི་ལོ་དྲུག་དང་ཕྱེད་ཀ་ལྷག་གི་རིང་(Michigan State University) ལ་དངོས་ཁམས་རིག་པའི་ནང་ནས་དམིགས་སུ་བཀར་ནས་རྡུལ་ཕྲན་དངོས་ཁམས་རིག་པའི་ཐོག་འབུམ་རམས་པའི་སློབ་སྦྱོང་བྱས་པ་ཡིན། 

དྲི་བ། ཁྱེད་རང་གི་འབུམ་རམས་པའི་དཔྱད་རྩོམ་སྐོར་ཕྲན་བུ་ཞིག་གསུང་རོགས། 

ལན། ངས་བྲིས་པའི་འབུམ་རམས་པའི་དཔྱད་རྩོམ་(PhD Thesis) ནི་རྡུལ་ཕྲན་(Radium) ཐོག་ལོ་བཞི་རིང་དེའི་ཁྱད་ཆོས་ཐོག་དཔྱད་པ་བྱས་པའི་ཐོག་བྲིས་པ་རེད། དེ་ཡང་རྡུལ་ཕྲན་(Radium) ལྟ་བུ་དམིགས་བསལ་གྱི་རྡུལ་ཕྲན་ཁག་གི་ཐོག་ལ་དཔྱད་པ་དང་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྤྱིར་བཏང་རྒྱུ་མཚན་མང་པོ་ཡོད་རེད་དེ། རྒྱུ་མཚན་གནད་འགག་ཆེ་ཤོས་གྲས་ཤིག་ནི། ང་ཚོ་མི་མང་པོ་ཞིག་གིས་འཇིག་རྟེན་ཁམས་དེའི་བྱུང་རིམ་དེ་(Big Bang Theory) གས་འཐོར་ཆེན་མོ་ལ་གཞི་བཞག་གི་རེད་པ། འདི་ལ་དྲི་བ་གཏོང་མཁན་ཡང་མང་པོ་ཡོད་རེད་དེ། ཁུངས་སྐྱེལ་བྱེད་ཀྱི་བརྟག་དཔྱད་ཀྱང་མང་པོ་ཡོད་རེད། དེང་སང་དངོས་ཁམས་རིག་པའི་ཁོངས་ནས་(quantum physics) ལྟ་བུ་ཐོག་ནས་འཇིག་རྟེན་ཁམས་བྱུང་རིམ་ཐོག་འགྲེལ་བརྗོད་བྱེད་ཐུབ་ཀྱི་ཡོད་རེད་དེ། ལན་རྒྱག་མི་ཐུབ་པའི་དྲི་བ་ཡང་མང་པོ་ཞིག་ཡོད་རེད། དཔེར་ན་འཇིག་རྟེན་ཁམས་གྲུབ་བྱེད་ཀྱི་དངོས་པོ་(Matter) ཞེས་པ་དེ་མཐོང་རྒྱུ་ཡོད་རེད་དེ། དངོས་པོ་(Anti-Matter) ཞེས་པ་དེ་མཐོང་རྒྱུ་མེད་རེད། གནས་སྟངས་དེ་ནི་ཚན་རིག་གི་རྨང་གཞིའི་སྒྲིག་གཞི་ནང་དངོས་པོ་དེ་གཉིས་བར་དབྱེ་འབྱེད་མེད་པའི་ལྟ་གྲུབ་དང་མཐུན་གྱི་མེད་པས། ཚན་རིག་པ་མང་པོ་ཞིག་ལ་མགོ་རྙོག་ཆེན་པོ་ཆགས་ཀྱི་ཡོད། འོན་ཀྱང་ཚན་རིག་པ་མང་པོ་ཞིག་གིས་རྨང་གཞིའི་སྒྲིག་གཞི་བརྒལ་ནས་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པར་ངོས་འཛིན་གནང་མཁན་ཡང་ཡོད་པས། རྡུལ་ཕྲན་(Radium) གྱི་ཁྱད་ཆོས་ལ་བརྟག་དཔྱད་བྱས་ནས་འཇིག་རྟེན་ཁམས་ཀྱི་བྱུང་རིམས་རྟོགས་ཆེད་ཡིན། 

དྲི་བ། དཔྱད་རྩོམ་དེའི་ཆེད་དུ་ལོ་ག་ཚོད་ཞིབ་འཇུག་བྱས་ཡོད་དམ། དཀའ་ངལ་གཙོ་བོ་གང་འཕྲད་ཡོད་དམ། 

ལན། ངས་འབུམ་རམས་ཆེད་དུ་ཁྱོན་བསྡོམས་ལོ་དྲུག་དང་ཕྱེད་ཀ་ལྷག་རིང་སློབ་སྦྱོང་དང་ཞིབ་འཇུག་བྱས་ཡིན། དེ་ཡང་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་བྱེད་སྟངས་ཏོག་ཙམ་མི་འདྲ་བ་ཡོད། ཐོག་མར་ལོ་གཉིས་ཙམ་རིང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་དང་། སྐབས་དེའི་རིང་ཞིབ་འཇུག་གི་གོ་སྐབས་དེ་ཙམ་མེད། ལོ་གཉིས་ཙམ་གྱི་རྗེས་སུ་སློབ་སྦྱོང་བྱས་པ་ལ་གཞིགས་ནས་ཡིག་ཚད་གཏོང་དགོས་ཀྱི་ཡོད། གལ་ཏེ་ཡིག་ཚད་ལོན་ཚེ་ཞིབ་འཇུག་བྱེད་པའི་གོ་སྐབས་ཐོབ་ངེས་ཡིན་པས། ངས་ཞིབ་འཇུག་ཁོ་ན་ལོ་བཞི་དང་ཕྱེད་ཀ་ཙམ་བྱས་ཡིན། སྤྱིར་བཏང་འབུམ་རམས་པའི་སློབ་སྦྱོང་བྱེད་དུས་དཀའ་ངལ་འཕྲད་ངེས་པ་ཞིག་རེད། ང་ལྟ་བུར་ཆ་བཞག་ན་དཀའ་ངལ་ཁག་ཅིག་འཕྲད་མྱོང་། ཞིབ་འཇུག་ཡག་པོ་ཡོང་དང་མི་ཡོང་བརྒྱ་ཆ་༩༠ དེ་སྒེར་སོ་སོར་རག་ལས་ཀྱི་ཡོད། ངས་ཞིབ་འཇུག་ཆེད་དུ་སློབ་སྦྱོང་དང་གྲ་སྒྲིག་ཚགས་ཚུད་ཡག་པོ་བྱས་ཀྱང་། སྐབས་རེ་ཞིབ་འཇུག་བྱེད་ཡུལ་ལྟེ་གནས་ཁང་དུ་འཕྲུལ་ཆས་འཕྲོ་བརླག་འགྲོ་བ་ཡོང་གི་རེད་པ། ཞིབ་འཇུག་བྱེད་བཞིན་པའི་སྐབས་སུ་གནད་དོན་དེ་རིགས་ཀྱིས་གནོད་སྐྱེལ་གྱི་ཡོད་པས་དཀའ་ངལ་ཞིག་ཏན་ཏན་རེད། འོན་ཀྱང་བསམ་བློ་ཕྱོགས་གཞན་ཞིག་ནས་བཏང་ན། འཕྲུལ་ཆས་དེ་འདྲ་ཞིག་འཕྲོ་བརླག་འགྲོ་དུས་ཕལ་ཆེ་བ་སོ་སོ་རང་ཉིད་ཀྱིས་བཟོ་བཅོས་བྱེད་དགོས་ཀྱི་ཡོད་པས། ཞིབ་འཇུག་དང་ཐད་ཀར་འབྲེལ་བ་མེད་ཀྱང་གསར་པ་ཞིག་ཤེས་པའི་གོ་སྐབས་ཀྱང་ཐོབ་ཀྱི་ཡོད། ང་ལ་ཡང་ཞིབ་འཇུག་ཁང་གི་འཕྲུལ་ཆས་མང་པོ་ཞིག་གི་ཐོག་གསར་པ་མང་པོ་ཞིག་ཤེས་པའི་གོ་སྐབས་ཐོབ་བྱུང་། ཞིབ་འཇུག་གི་ངོ་བོ་དེ་ངེས་བརྟན་པོ་ཞིག་མེད་པས། འབུམ་རམས་པའི་སློབ་སྦྱོང་དེ་ནི་ལོ་ཤས་སློབ་སྦྱོང་བྱས་ཏེ་ཡིག་རྒྱུགས་ལོན་ཚེ་སློབ་ཐོན་བྱེད་རྒྱུ་ཡོད་པ་ཞིག་མིན་པ་དང་། སོ་སོས་ལོ་མང་རིང་ཞིབ་འཇུག་བྱས་ཏེ་བྲིས་པའི་དཔྱད་རྩོམ་དེར་དགེ་རྒན་བཞི་ལྔ་ཡིས་མོས་མཐུན་རྒྱབ་སྐྱོར་བྱས་ཚེ་འབུམ་རམས་པ་ཐོན་གྱི་ཡོད་པ་དང་། ཁོང་རྣམ་པའི་དྲི་བ་མང་པོ་ཞིག་ལ་ལན་འདེབས་ཀྱང་བྱེད་དགོས་ཀྱི་ཡོད་པས། དེར་གྲུབ་འབྲས་ཐོན་པའི་ངེས་གཏན་ཞིག་མེད་རྐྱེན། ཏན་ཏན་དཀའ་ངལ་འཕྲད་རྒྱུ་ངེས་ཅན་རེད།

དྲི་བ། ཁྱེད་ཀྱིས་རྒྱུན་དུ་དངོས་ཁམས་ཚན་རིག་ཐོག་ཉམས་ཞིབ་གནང་བཞིན་པའི་སྐབས་སུ་ནང་ཆོས་ཀྱི་ལྟ་གྲུབ་ཕན་ཐོགས་ཡོད་པ་མཐོང་གི་འདུག་གམ།

ལན། ངས་ཞིབ་འཇུག་བྱེད་ཡུལ་དེ་དང་ནང་ཆོས་ཀྱི་ཕྱི་དངོས་པའི་རྣམ་གཞག་གཏན་ལ་ཕབ་ཚུལ་དེ་གཉིས་ཐད་ཀར་འབྲེལ་བ་མེད་པས། ཐད་ཀར་གྱིས་ཕན་ཐོགས་མི་འདུག གང་ཡིན་ཟེར་ན་སློབ་ཚན་དེ་གཉིས་ཀྱི་རང་བཞིན་མི་འདྲ་བ་ཡིན་པས་རེད་བསམ་གྱི་འདུག ངའི་ཞིབ་འཇུག་དེ་ཞིབ་འཇུག་ཁང་དུ་ཕྱིན་ནས་འཕྲུལ་ཆས་བེད་སྤྱད་བཏང་ནས་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པའི་བརྟག་དཔྱད་གཞི་བཅོལ་བྱས་པའི་ཞིབ་འཇུག་(Experimental Research) ཡིན་པས། ཞིབ་འཇུག་འདི་དང་འབྲེལ་ནས་དངོས་ཁམས་རིག་པའི་ལྟ་གྲུབ་ཐོག་དེ་ཙམ་བསམ་བློ་ཞེ་དྲག་གཏོང་དགོས་ཀྱི་མེད་པ་རེད། ངའི་ཞིབ་འཇུག་ནང་གཙོ་བོ་ཚན་རིག་གིས་གཏན་ལ་ཕབ་པའི་ཕྱི་དངོས་པའི་ལྟ་གྲུབ། ལྷག་པར་རྡུལ་ཕྲན་གྱི་ལྟ་གྲུབ་ནང་དུ་གཏན་ལ་ཕབ་པའི་གནད་དོན་རྣམས་ལ་ཚད་གཞི་དང་བརྟག་དཔྱད་བྱས་ན་ཏག་ཏག་བསྡད་ཀྱི་འདུག་དང་མི་འདུག་བལྟ་རྒྱུ་དེ་ངའི་ལས་འགན་གཙོ་བོ་ཡིན་པ་ལས། ལྟ་གྲུབ་རང་གི་ཐོག་ཏུ་འགྲིག་གི་ཡོད་མེད་ཀྱི་ཞིབ་འཇུག་བྱེད་ཀྱི་མེད་པ་རེད། འོན་ཀྱང་གོང་དུ་ཞུས་པ་ལྟར་འབུམ་རམས་པའི་སློབ་སྦྱོང་བྱེད་དུས་གྲུབ་འབྲས་ཐོན་པའི་ངེས་གཏན་མེད་པ་ལྟར། སྐབས་རེ་སེམས་ལ་དངངས་འཚབ་སོགས་སྐྱེ་ཡི་ཡོད་པས། སྐབས་དེ་དག་ཏུ་རང་ཉིད་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་ཡིན་པས། ནང་ཆོས་ཀྱི་རྒྱབ་ལྗོངས་ཡོད་པས་ནང་ཆོས་དང་འབྲེལ་བའི་དཔེ་དེབ་ལ་ལྟ་ཀློག་བྱེད་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་ཉན་པ། ཞལ་འདོན་བྱེད་པ་སོགས་བྱེད་སྐབས་སེམས་ཞི་འཇམ་ཡོང་གི་འདུག་པས། ཏན་ཏན་ཞིབ་འཇུག་མུ་མཐུད་བྱེད་པར་ཕན་ཐོགས་ཆེན་པོ་འདུག ཆེ་ས་ནས་བཤད་ན་ནང་ཆོས་ཀྱི་ལྟ་གྲུབ་དང་ནུབ་ཕྱོགས་ཀྱི་དངོས་ཁམས་རིག་པའི་བར་བགྲོ་གླེང་མང་པོ་ཞིག་ཕྱིན་ཡོད་ཁར། མ་འོངས་པར་མུ་མཐུད་འགྲོ་རྒྱུ་ཡིན་པ་མཐོང་གི་འདུག་པས། རང་ཉིད་དངོས་ཁམས་རིག་པའི་ཐོག་ལོ་མང་སློབ་སྦྱོང་བྱས་རྐྱེན། བགྲོ་གླེང་འདི་འདྲར་མཉམ་ཞུགས་བྱེད་པའི་གོ་སྐབས་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ལ་འདོད་པ་ཡང་ཆེན་པོ་ཡོད། ད་ལྟའི་ཆར་ནང་ཆོས་ཀྱི་ལྟ་གྲུབ་ཐོག་དེ་ཙམ་གྱི་གོ་རྟོགས་ཚད་མཐོ་མེད་ཀྱང་། མ་འོངས་པར་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཆེན་པོ་ཡོད། 

དྲི་བ། མ་འོངས་པར་འཆར་གཞི་གང་ཡོད་དམ། 

ལན། ད་ཆ་འབུམ་རམས་པ་ཐོན་ཟིན་པས། མ་འོངས་པའི་དམིགས་ཡུལ་ནི་མུ་མཐུད་ནས་དངོས་ཁམས་རིག་པའི་ཐོག་ཞིབ་འཇུག་བྱེད་འདོད་ཡོད། གང་ཡིན་ཟེར་ན་ངས་ལོ་མང་རིང་དངོས་ཁམས་རིག་པའི་ཐོག་ལ་ཉམས་ཞིབ་བྱས་ནས་ཡོང་ཡོད་པས། དེ་ནི་རང་ཉིད་ལ་དངོས་སུ་དབྱིངས་ཡོད་པའི་ཆེད་ལས་ཤིག་ཡིན་ཁར། ཆེད་ལས་དེ་ནི་ངས་བྱེད་ཐུབ་པའི་ལས་ཀ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངས་ཞིབ་འཇུག་བྱས་ཏེ་འཇིག་རྟེན་ཁམས་ཀྱི་ཐོག་ལ་སྔར་མ་ཤེས་པ་ཞིག་གསར་དུ་ཤེས་ཐུབ་པ་བྱེད་རྒྱུ་ནི་ངའི་དམིགས་ཡུལ་ཡིན། དེ་གཞི་ལ་བཞག་ནས་ངས་ད་ལྟའི་ཆར་འབུམ་རམས་པ་ཐོན་ཚར་པའི་རྗེས་ཀྱི་ཞིབ་འཇུག་(post Doctoral) གོ་སྐབས་འདི་འདྲ་འཚོལ་བཞིན་ཡོད་པས། གོ་སྐབས་འདི་འདྲ་ཞིག་ཐོབ་ཚེ་མུ་མཐུད་ནས་དངོས་ཁམས་རིག་པའི་ཐོག་ཞིབ་འཇུག་བྱེད་རྒྱུའི་དམིགས་ཡུལ་ཡོད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||