པེ་ཅིང་གི་ཕྲུ་གུར་བཟི་ཁབ་བརྒྱབས་ནས་རྒྱ་ནག་ཧད་དུ་བཅུག་པ།

ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་གྲགས་ཅན་གྱི་ཤེས་ཡོན་བསྟི་གནས་(RYB) ཞེས་པའི་ཡན་ལག རྒྱ་ནག་པེ་ཅིང་ཁྲའོ་ཡང་རྫོང་དུ་ཡོད་པའི་བུ་བཅོལ་ཁང་ཞིག་གིས་ཉུང་མཐར་བྱིས་པ་༨ ལ་བཟི་ཁབ་བརྒྱབ་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་མི་མང་གིས་ཁོང་ཁྲོ་དྲག་པོ་བསྟན་གྱི་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་ནས་གནད་དོན་དེའི་ཐོག་བརྟག་དཔྱད་བྱེད་མུས་ཡིན་འདུག་པ་དང་། ཕྱོགས་མཚུངས་པེ་ཅིང་གྲོང་སྡེའི་ཤེས་ཡོན་ལྷན་ཁང་གིས་པེ་ཅིང་གི་བུ་བཅོལ་ཁང་ཚང་མར་བདེ་འཇགས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། དགེ་རྒན་གསུམ་གནས་དབྱུང་བཏང་ཡོད་འདུག

ཕྲུ་གུའི་ཕ་མ་རྣམས་ཀྱིས་ཉེ་ཆར་ཁོང་ཚོས་སོ་སོའི་ཕྲུ་གུའི་ལུས་ཐོག་ནས་ཁབ་རྗེས་མཐོང་བ་དང་། ཁབ་རྗེེས་ཀྱི་འདྲ་པར་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱས་ཡོད་སྐོར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྗོད་ཡོད་འདུག དེ་བཞིན་ཕྲུ་གུ་རྣམས་ཉིན་གུང་གཉིད་ཉལ་ལ་ཉེ་བའི་སྐབས་སུ་སྨན་དང་མངར་རིགས་སྤྲད་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཕ་མ་ཁག་ཅིག་གིས་བུ་བཅོལ་ཁང་དེ་ནས་ཕྲུ་གུ་རྣམས་ཀྱི་དུག་སློག་ཕུད་དེ་གཅེར་བུར་བཞག་སྟངས་ལ་བལྟས་ན་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་བཏང་ཡོད་སྲིད་སྐོར་དང་། “ཕྲུ་གུ་ཉན་འཇོག་མི་བྱེད་མཁན་རྣམས་བཙན་དབང་ཐོག་ནས་གཅེར་བུར་ལངས་འཇུག་པའམ། བུ་བཅོལ་ཁང་གི་ཁང་པ་ནག་ཁུང་ཞིག་ནང་བཅུག་ནས་སྒོ་ལྕག་བརྒྱབ་ཀྱི་ཡོད་རེད་”ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་ཕ་མ་ཁག་ཅིག་བུ་བཅོལ་ཁང་དེའི་ཕྱི་ལོགས་སུ་འཛོམས་ནས་ཕྲུ་གུ་རྣམས་ཁྲིམས་འོག་ཏུ་འཇུག་ཐབས་སུ་དགེ་རྒན་ཚོས་ཁབ་བརྒྱབ་པ་ཡིན་པའི་དོག་པ་ཡོད་ཅེས་བརྗོད་ནས་ངོ་རྒོལ་བྱས་ཡོད་འདུག

ཤེས་ཡོན་བསྟི་གནས་(RYB)ཞེས་པས་“ང་ཚོས་སེམས་གཏིང་ནས་ཕ་མ་དང་སྤྱི་ཚོགས་ཁྱོན་ཡོངས་ཤིན་ཏུ་བློ་མི་བདེ་བ་བཟོས་པའི་གནད་དོན་འདིའི་ཐོག་ལ་དགོངས་སེལ་ཞུ་རྒྱུ་ཡིན་”ཞེས་དང་། “གལ་སྲིད་ནོར་འཛོལ་གྱི་བྱ་བ་ཞིག་བྱུང་ན། དེའི་འགན་ང་ཚོས་འཁུར་གྱི་ཡིན་པ་མ་ཟད། ཉེན་རྟོག་པ་ལ་ཡང་གཏུགས་ཀྱི་ཡིན་”ཞེས་བརྗོད་ཡོད་འདུག

ཤེས་ཡོན་བསྟི་གནས་(RYB) ཞེས་པ་འདི་ནི་རྒྱ་ནག་གི་ཆེས་གྲགས་ཅན་གྱི་བྱིས་པའི་ཤེས་ཡོན་བསྟི་གནས་ཁང་ཞིག་ཡིན་འདུག་ཅིང་། ན་ནིང་ལོར་ཕྲུ་གུར་ཁབ་བརྒྱབ་པའི་གནད་དོན་གྱི་ཐོག་ནས་ཁོང་ཚོའི་དགེ་རྒན་བཞི་བཙོན་འཇུག་བྱས་ཡོད་འདུག་པ་དང་།  ད་ཐེངས་ཀྱི་ཁོ་ཚོའི་ནོར་འཛོལ་ལ་མི་མང་ཕོན་ཆེན་གྱིས་ངན་སྨོད་བྱས་ནས་འདས་པའི་ལོ་ཤས་ནང་བུ་བཅོལ་ཁང་རྣམས་ནས་བྱིས་པར་མནར་གཅོད་བཏང་བའི་དོན་རྐྱེན་རྣམས་བསྐྱར་དུ་ལབ་གླེང་བྱུང་ཡོད་པ་མ་ཟད། རྒྱ་ནག་ནང་གི་བྱིས་པ་གཉོར་སྐྱོང་གི་སྤུས་ཚད་ཐོག་ལབ་གླེང་བྱེད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||