བོད་ཀྱི་ཡི་གེ་དར་སྤེལ་གྱི་སྐོར་བསྐྱོད་ལས་འགུལ།

ཟླ་འདིའི་ཚེ་༡༧ཉིན་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་གོ་སྒྲིག་འོག་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་ཀྱི་ཡོད་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བོད་ཀྱི་སྐད་སྲུང་སྐྱོབ་དང་།བོད་ཀྱི་ཡི་གེ་དར་སྤེལ་གྱི་སྐོར་བསྐྱོད་ལས་འགུལ་ཞེས་པའི་བརྗོད་གཞི་ཐོག་གོང་ཚེ་ཉིན་སྔ་དྲོ་ཚོགས་འདུ་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་ཆེན་མོའི་ནང་འཚོགས་ཡོད་པ་དང་།

ཚོགས་ཐོག་ས་མོན་གྷོ་ས་གནས་འགོ་འཛིན་དང་ཕུན་ཚོགས་ཚེ་རིང་དང་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་དང་དྲུང་ཆེ་ལྷག་པ་ཚེ་རིང་དང་མོན་གྷོ་ས་གནས་འབྲེལ་མཐུད་པ་དང་།གཞན་ཡང་མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་དགུའི་མི་མང་བཅས་ཕེབས་ཡོད་པ་རེད།

དེ་ཡང་ཐོག་མར་དྲུང་ཆེ་ལྷག་པ་ཚེ་རིང་ལགས་ཀྱི་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ངོ་སྤྲོད་དང་འབྲེལ་ཕྱི་ལོ་༢༠༡༣ ནས་བཟུང་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་ངོས་ནས་བོད་མི་རིགས་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་གནས་ཡོང་ཆེད་བཅས་སུ་འཛམ་གླིང་གི་ས་ཁུལ་གང་སར་བོད་མི་གནས་སྡོད་བྱེད་ཡུལ་ཡོངས་ལ་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་དགོས་སྐོར་གྱི་ལས་འགུལ་གང་མང་སྤེལ་ཡོད་ལ།   ད་ལོ་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་རྒྱ་གར་ནང་ལོགས་སུ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།   འབྱུང་འགྱུར་ཡང་རྡོར་གདན་དུས་དབང་སྐབས་སུ་ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་སྐོར་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་འཆར་ཡོད་ཅེས་དང་།

ཁོང་གིས་མུས་མཐུད་ནས་གསུང་དོན།   མི་རིགས་ཤིག་རྩ་མེད་བཟོ་དགོས་ན་ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས་པ་རེད་ཅེས་བཤད་ཡོད་པ་བཞིན་ང་རང་ཚོའི་རང་ཉིད་ཀྱི་སྐད་ཡིག་རང་ཉིད་ཀྱིས་སྣང་ཆུང་དང་རྩི་མེད་རྡོག་རོལ་བཏང་བ་ཡིན་ན་ད་ལྟའི་མི་རབས་འདི་བོད་མི་རིགས་ཀྱི་ལོ་རྒྱས་ཁྲོད་ཀྱི་ནག་ཉེས་ཅན་གྱི་མི་རབ་ཞིག་ཆགས་མི་སྲིད་པ་མ་རེད་ལ།   ད་ལྟའི་ཆར་འཛམ་གླིང་ཐོག་གི་ཉམས་ཉེས་སུ་འགྲོ་བཞིན་པའི་སྐད་ཡིག་གི་ནང་བོད་ཀྱི་སྐད་ཡིག་འདི་མེད་ཀྱང་དོན་དངོས་ཐོག་བོད་ཀྱི་སྐད་ཡིག་འདི་ཉམས་ཉེས་སུ་འགྲོ་བར་འགྱུར་བའི་ཉེན་ཚབས་རིང་བཞིན་ཅན་ཞིག་ཆགས་བཞིན་ཡོད་པ་སོང་།   ང་རང་ཚོ་ཚང་མའི་ངོས་ནས་ཉིན་རེ་ཉི་རེའི་འཚོ་བ་དང་འབྲེལ་བའི་རང་མི་རིགས་འདིའི་སྐད་ཀྱི་ནང་གཞན་སྐད་languageསྲེ་བསླད་མི་བྱེད་པར་ཐུགས་སྣང་དང་དོ་ཁུར་ལེན་དགོས་པ་ང་ཚོ་ཚང་མ་ལ་འགན་ཡོད་པ་རེད་ཅེས་སོགས་གསུངས་སོང་།

དེ་ནས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་མཆོག་གིས་རང་གཞུང་ནང་སྲིད་དང་ཆོས་རིག་ལྷན་ཁང་གཉིས་ཀྱི་བོད་ཀྱི་སྐད་ཡིག་ཞབས་ཞུང་ཁང་ས་གནས་ས་ཐོག་སུ་ཕེབས་སྐབས་མཐུན་འགྱུར་གནང་དགོས་སྐོར་བཀའ་གནང་དོན་བཞིན་དེ་རིང་འདིར་ཕེབས་པར་འཚམས་འདྲི་ཞུ་བཞིན་ཡོད། རྩ་བའི་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གིས་རླབས་ཆེན་གྱི་དགོངས་གཞི་གཞིར་བཟུང་ཐོག་བོད་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་གི་ཡང་སྙིང་ནང་བསྟན་ཆོས་ལུགས་འདི་བོད་ཙམ་དུ་མ་ཟད།   འཛམ་གླིང་གི་ཡུལ་གྲུ་ཀུན་དུ་དར་ཁྱབ་འགྲོ་དགོས་ན་བོད་མི་རིགས་ཀྱི་སྐད་ཡིག་འདི་བརྒྱུད་ནས་མ་གཏོགས་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱབ་མི་ཐུབ་པ་༧གོང་ས་མཆོག་གིས་བཀའ་སློབ་གནང་གི་འདུག   དེ་འདྲའི་སྐད་ཡིག་རྩ་ཆེན་པོ་ཞིག་ང་ཚོ་ལ་ཡོད་པ་ཡིན་ཙང་།   རྣམ་པ་ཚོིའི་ངོས་ནས་དགོས་པའི་དབང་གིས་གཞན་གྱི་སྐད་ཡིག་སྦྱང་དགོས་ཀྱང་བོད་རང་གི་སྐད་ཡིག་དེ་རྩ་ཆེན་པོ་ཡིན་པ་ཤེས་པའི་ཐོག་ནས་མ་བརླགས་པ་ཞིག་བཟོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

དེ་ནས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱི་སྐད་ཡིག་སློབ་གསོ་དང་འབྲེལ་བའི་ཐོག་ནས་གཏམ་བཤད་གནང་དོན།   བོད་ཕྱི་ནང་གཉིས་སུ་སྐད་གྲགས་ཡོད་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ལུག་རྫི་རྒད་པོའི་ཀི་སྒྲ་ཞེས་པའི་ཕྱག་དེབ་ཞིག་བརྩམ་གནང་ཡོད་པ་རེད།དེའི་ནང་འཛམ་གླིང་གི་སྐད་ཡིག་ཉམས་སྟངས་སྐོར་བཤད་དུས་སྐད་ཡིག་འཆི་རྐྱེན་ལ།དཔལ་འབྱོར་གྱི་འཆི་རྐྱེན།   རིག་གནས་ཀྱི་འཆི་རྐྱེན།སྤྱི་ཚོགས་ཀྱི་འཆི་རྐྱེན།   སྤྱི་ནང་གི་འཆི་རྐྱེན་མང་པོ་ཞིག་གསུང་གནང་ཡོད་པ་རེད།   ཡིན་ན་ཡང་དེ་རིང་དཀའ་ངལ་གཅིག་རང་གི་ཐོག་ནས་བཤད་རྒྱུ་ཡིན།   ང་ཚོ་བོད་ཀྱི་སྐད་ཡིག་ཐོག་སློབ་སྤྱོང་དེ་ལོ་རེ་ནས་ལོ་རེ་སྐྱོ་རི་འགྲོ་བཞིན་ཡོད་པ་ཡོངས་གྲགས་རེད།   འཐུས་ཤོར་དེ་འདྲ་ཞིག་དགེ་རྒན་དང་ཕ་མ་སོགས་ཕྱོགས་གང་ཐད་ནས་འགྲོ་ཡི་ཡོད་པ་རེད།     གནས་སྟངས་དེ་ཚོ་ང་རང་ཚོ་ཚང་མའི་ཤེས་ཀྱི་ཡོད་པ་རེད་དེ་ཡར་མར་ངན་ཁག་དཀྲི་རེས་བྱས་ནས་བསྡད་བསྡད་པ་ལས་གདོང་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་ཆགས་ཀྱི་ཡོད་པ་རེད།   གང་ལྟར་ང་ཚོ་ཚང་མའི་ངོས་ནས་སྦྲགས་སྐད་དམ་སྐད་ར་མ་ལུག་སྟེ་རང་མི་རིགས་ཀྱི་སྐད་ནང་ལོགས་སུ་གཞན་སྐད་དབྱིན་སྐད་དང་ཧིན་སྐད་སོགས་སྦྲགས་མ་མི་བཤད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།   གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད་པ་རེད།ང་ཚོ་རང་དབང་ལུང་པར་དེ་འདྲའི་གནས་སྟངས་གང་ཡང་མེད་ཀྱང་།ང་ཚོའི་སོ་སོའི་སྐད་ཡིག་ལ་སྣང་ཆུང་བྱས་ནས་གཞན་སྐད་ཏག་ཏག་སྲེ་བསླད་བྱས་བསྡད་པ་ཡིན་ན་ངམ་ངམ་ཤུགས་ཀྱི་རྒྱ་གཞུང་གིས་འཐེན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

འདས་པའི་ནང་ང་རང་ཚོ་ཚང་མས་ནོར་འཁྲུལ་ཤོར་འདུག་ལ། སྐྱོན་དང་ནོར་འཁྲུལ་ཡོད་པ་དེ་ངོ་ཤེས་པའི་ཐོག་ནས་མ་འོངས་པར་སྤང་བླང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་འདུག་ཅེས་གསུངས་སོང་།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||