བོད་པར་ལོ་སར་ཇེ་མང་རེད།

ཆེད་བརྗོད།

མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་དུས་སྟོན་འདྲ་མིན་སྣ་ཚོགས་ཡོད་པ་དང་། ལྷག་པར་དུ་ལོ་གསར་པ་འགོ་ཚུགས་པའི་ལོ་གསར་གྱི་དུས་སྟོན་ནི་དར་སྲོལ་ཧ་ཅང་ཆེན་པོ་ཡོད། བོད་ལ་མཚོན་ནའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་རིག་གནས་དང་། ཆོས་ལུགས། ཡུལ་སྲོལ། འཚོ་བ་བཅས་ལ་འགྱུར་བ་སྣ་ཚོགས་བྱུང་ཡོད་པ་བཞིན། ལོ་གསར་གཏོང་སྲོལ་ལའང་མི་འདྲ་བ་མང་པོ་བྱུང་བ་དཔེར་ན། བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་ཡིན་པའི་ལོ་རྒྱུས་ཡོད་ལ། སྐབས་དེར་བོན་ཆོས་དར་ཁྱབ་ཆེ་བས་རིམ་བཞིན་ཕ་མེས་ཀྱི་དུར་ལྷ་དང་། ཕོ་ལྷ། མོ་ལྷ། སྐྱེས་ལྷ། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་སོགས་གསོལ་བ་དང་། དར་ལྕོག་འཛུགས་པ་བཅས་བོན་དང་འབྲེལ་བའི་ལོ་གསར་གཏོང་སྲོལ་རྒྱ་ཆེར་དར།

དེ་རྗེས་སུ་འབྱུང་རྩིས་དར་ནས་འགྱུར་བ་བྱུང་ཞིང་། དེའང་བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་དང། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ལོ་གསར་གྱི་དུས་ཚིགས་མི་འདྲ་བའི་ལོ་རྒྱུས་ཡོད། ཕྱིས་སུ་བོད་ཁམས་ཡོངས་ལ་སྐད་གྲགས་ཆེ་བའི་ལོ་གསར་ནི། རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་༡༢༢༧ ལོར་ཧོར་ཇིང་གེར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་རྗེས། བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས། སྐབས་དེར་ས་སྐྱའི་ལོ་ཐོ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཀྱི་ས་ཆ་ཕལ་མོ་ཆེར་ལོ་གསར་གཏོང་སྲོལ་འདི་འཕེལ་རྒྱས་བྱུང་། ལོ་གསར་དུས་སྟོན་གྱི་རྒྱབ་ལྗོངས་མི་འདྲ་ཡང་དུས་ཚོད་ཀྱི་ཆ་ནས་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ལོ་གསར་གཏོང་སྲོལ་ཡོད་དེ་དང་ད་ལྟའི་ལོ་གསར་གཅིག་པ་ཡིན་པའི་ཆ་ནས་དང་། བྱུང་རིམ་སོགས་ཀྱི་ཆ་གང་ཐད་ནས་མ་འོངས་པར་བོད་ཁུལ་ཡོངས་རྫོགས་དུས་ཚིགས་འདིར་ལོ་གསར་གཅིག་མཚུངས་སུ་གཏོང་ཐུབ་ན་ལེགས་པར་མཐོང་

ལོ་རྒྱུས་ཀྱི་རྒྱབ་ལྗོངས་དམིགས་བསལ་ཡོད་པའི་ཀོང་པོའི་ལོ་གསར་སོགས་དར་སྲོལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ནའང་། ཡོངས་ཁྱབ་རང་བཞིན་གྱི་ཐོག་ནས་འབྲོག་ས་རེ་ཟུང་ནས་བེའུ་ལུག་ལོ་གསར་དང་། ཞིང་པ་རེ་ཟུང་གིས་སོ་ནམ་ལོ་གསར་ཞེས་པ་ལྟ་བུ་སྲུང་བརྩི་བྱེད་སྲོལ་ཡོད་པ་དེ་དེང་སྐབས་སྤྱི་ཡོངས་ནས་དར་ཁྱབ་ཆེ་རུ་འགྲོ་བཞིན་པའི་རྣམ་པ་གསལ་པོ་འདུག ད་དུང་སོ་ནམ་ལོ་གསར་དང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ཏུ་ཁེལ་བའང་ཡོད་པ་དང་། དཔྱིད་གསར་དང་སོ་ནམ་དུས་སྟོན་ཞེས་པའང་དོན་གྱི་ཆ་ནས་འདྲ་མཚུངས་ལྟ་བུར་གྱུར་ཡོད། ད་ལྟའི་ཆར་བོད་ཀྱི་རྒྱལ་མོ་ཚ་བ་རོང་གི་ས་ཆ་མང་པོ་ཞིག་བོད་པས་ངོས་ནས་ཀྱང་རྒྱ་རིགས་སུ་ངོས་འཛིན་བྱེད་མཁན་ཡོད་པ་དང་། རྒྱ་གཞུང་གི་ངོས་ནས་ཀྱང་ཆའང་རིགས་ཞེས་བོད་རིགས་ལས་མི་རིགས་ལོགས་སུ་ངོས་འཛིན་དང་གཏན་འབེབས་བྱས་ཡོད། ད་དུང་བོད་དབུས་ཁུལ་དུ་མོན་པ་རིགས་དང་། ཀློ་པ་རིགས། ཤར་པ་རིགས་སོགས་ཆེད་དུ་དབྱེ་བ་སྣ་ཚོགས་ཕྱེས་ནས་སྟངས་འཛིན་བྱེད་བཞིན་ཡོད།

བོད་ལ་རང་བཙན་ཡོད་པ་དང་བོད་ས་ཡོངས་རྫོགས་བདེ་བདེ་སྐྱིད་སྐྱིད་ཀྱི་ངང་དུ་གནས་ཡོད་ན་ཡུལ་ལུང་རེ་ལ་ལོ་གསར་རེ་ཡོད་ཀྱང་མི་འགྲིག་པ་ཆེར་མེད་ཀྱང་། ད་ལྟའི་ཆར་ལོ་གསར་དང་དུས་སྟོན་བྱེད་སྟངས་མི་འདྲ་བ་ལ་བརྟེན་ནས་གཅིག་གྱུར་མིན་པའི་དྲིལ་བསྒྲགས་རང་བཞིན་གྱིས་འགྲོ་གི་ཡོད་པས། སྔོན་མ་ཉི་ཧོང་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། ཕྱིས་སུ་གཅིག་གྱུར་གྱིས་གཏན་འབེབས་གནང་བ་བཞིན། བོད་པས་ངོས་ནས་ཀྱང་ལོ་གསར་གྱི་དུས་ཚིགས་འདི་ཉིད་གཅིག་གྱུར་དང་ཡོངས་ཁྱབ་ཀྱི་ཐོག་ནས་གཏན་འབེབས་ཤིག་བྱེད་ཐུབ་ན་དགེ་མཚན་ཡོད་པ་དང་། འདི་ལ་བརྟེན་ནས་བོད་གངས་རིའི་ལྗོངས་སུ་ཡོད་པའི་བོད་མི་ཡོངས་རྫོགས་མི་རིགས་གཅིག་དང་། རིག་གནས་གཅིག་པ། སྲོལ་རྒྱུན་གཅིག་པ། བསམ་བློ་གཅིག་པ་ཡིན་པའི་འདུ་ཤེས་སོགས་ཕྱོགས་གང་ཐད་ནས་བསམ་བློ་གཏོང་ས་མང་པོ་ཞིག་ཡོད་པས། མ་འོངས་པར་དེའི་སྒང་ལ་བོད་མི་ནུས་པ་ཡོད་མཁན་དང་ཤུགས་རྐྱེན་ཡོད་མཁན་དག་གིས་ནུས་ཤུགས་གཅིག་སྒྲིལ་ཡོང་ཐབས་བྱེད་དགོས་སྙམ།

མདོར་ན་ད་ལྟའི་ཆར་རྒྱ་དམར་གཞུང་གིས་བོད་པ་ཁ་བྲལ་དུམ་བུར་གཏོང་བའི་ཐབས་ཤེས་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་གཞིས་བྱེས་གཉིས་སུ་འདིའི་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བོད་པ་གཅིག་གྱུར་མི་ཡོང་བར་བསམ་སྤྱོད་མཐའ་དག་ནས་དཀའ་ངལ་དེ་ཙམ་མེད་ཀྱང་། མ་འོངས་པར་སྡུག་གི་མུན་པ་ནག་པོ་ཞིག་བོད་མི་ཡོངས་ཀྱི་མགོ་ཐོག་ཏུ་འཆར་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པས། ཕྱོགས་གང་ནས་བསམ་བློ་བཏང་ཡང་ད་ལྟའི་ཆར་ཡུལ་སྲོལ་ཆུང་ཙག་དེ་ཙམ་དགོས་མཁོ་མི་ཆེ་བའི་རིགས་སྤྱི་ལ་བསྟུན་གང་ཐུབ་བྱ་རྒྱུ་དང་། ཡུལ་སྐད་བྱེ་བྲག་རྣམས་ཀྱང་ཡིག་ཐོག་ཏུ་བཀོད་ནས་བོད་པ་སྤྱིའི་སྐད་ཡིག་ལ་གནོད་སྐྱོན་འགྲོ་བའི་རིགས་དེ་དག་ངེས་པར་སྤང་དགོས་པ་ཞིག་ཏུ་གྱུར་ཡོད། ད་ལྟ་དཀའ་ངལ་ཆེན་པོ་དེ་ཙམ་མེད་པའི་སྐབས་སུ་བཀག་འགོག་བྱེད་ཐུབ་པ་ལས། མ་འོངས་པར་བཀག་འགོག་བྱེད་ཐབས་མེད་པར་གྱུར་སྐབས་སེམས་ལ་དྲན་ཡང་དོན་དངོས་ལག་ལེན་ཡོང་ཐབས་མེད་པ་ཞིག་ཏུ་འགྱུར་ངེས་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||