བྷེལ་རྗམ་ལ་དྲག་རྒོལ་གནད་དོན་ལྷག་འདུག

བྷེལ་རྗམ་གྱི་གྲོང་ཁྱེར་ལཱི་གྷེ་ནང་དུ་མི་ཞིག་གིས་དྲག་རྒོལ་བྱས་ཏེ། མི་གསུམ་བསད་ཡོད་འདུག་པ་དང་། ད་ལྟའི་ཆར་དྲག་སྤྱོད་དེ་ནི་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ལ་ངོས་འཛིན་བྱེད་བཞིན་འདུག

ཟླ་༥ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ཚེས་༢༩ ཉིན་བྷེལ་རྗམ་གྱི་གྲོང་ཁྱེར་ལཱི་གྷེ་ནང་དུ། མི་ཞིག་གིས་ཐོག་མར་བུད་མེད་ཉེན་རྟོག་པ་གཉིས་པ་གྲིས་བརྒྱབ་རྗེས། ཁོ་གཉིས་ཀྱིས་ཉེན་རྟོག་པའི་མེ་མདའ་ཕྲོགས་ཏེ་མེ་མདའ་བརྒྱབ་ཡོད་འདུག དེ་རྗེས་མོ་ཊའི་ནང་དུ་ཡོད་པའི་གཞོན་སྐྱེས་སློབ་ཕྲུག་སྐྱེས་པ་ཞིག་ལ་ཡང་མེ་མདའ་བརྒྱབ་ནས་བསད་འདུག རྗེས་སུ་སློབ་གྲྭ་ཞིག་གི་འགྲམ་དུ་ཕྱིན་ནས་ལས་བྱེད་ཅིག་གཏའ་མར་དུས་ཚོད་ཐུང་ངུ་རིང་ཉར་ཡོད་པ་དང་། དྲག་ཆས་སྤྲས་པའི་ཉེན་རྟོག་པ་སླེབས་རྗེས་ཕན་ཚུན་མེ་མདའ་རྒྱག་རེས་བྱས་སྐབས། ཉེན་རྟོག་པ་བཞིར་རྨས་སྐྱོན་བཟོས་ནས་མཐའ་མར་དྲག་སྤྱོད་པ་དེ་བསད་ཡོད་འདུག

མི་དེ་ཟླ་༥ པའི་ཚེས་༢༨ ཉིན་བཙོན་ཁང་ནས་གནས་སྐབས་རིང་གློད་གྲོལ་བཏང་བ་ཡིན་འདུག་པ་དང་། དེ་སྔོན་སྨྱོ་རྫས་དང་འབྲེལ་བའི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་འདུག་པས། བྷེལ་རྗམ་གྱིས་བརྒྱུད་ལམ་ཞིག་གིས་མི་དེ་བཙོན་ཁང་དུ་ཡོད་སྐབས་དྲག་སྤྱོད་པའི་ལྟ་བ་སླེབས་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་དེས་ལྷ་ནི་མཆོག་ཅེས་འབོད་ཚིགས་བསྒྲགས་སྐོར་བརྗོད་འདུག་པས། ཁོའི་ཀུན་སློང་གང་ཡིན་གསལ་པོ་ཤེས་ཀྱི་མེད་ཀྱང་། ཉེན་རྟོག་པར་དྲག་རྒོལ་དམིགས་པ་ཡིན་པས། ད་ལྟའི་ཆར་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ལ་ངོས་འཛིན་བྱེད་བཞིན་འདུག

བྷེལ་རྗམ་དང་ཁྱིམ་མཚེས་རྒྱལ་ཁབ་ཧྤ་རན་སི་སོགས་ལ་འཇིགས་སྐུལ་དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་ལྷག་རྐྱེན། ཉེན་གཟབ་ཆེན་པོ་བྱེད་བཞིན་ཡོད་ཀྱང་ཐེངས་འདིའི་གནས་ཚུལ་ལྷག་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ནང་བྷེལ་རྗམ་དུ་འཇིགས་སྐུལ་ཚོགས་པ་ཨེ་སི་སིའི་ཚོགས་མིས་འབར་གས་ཀྱི་དྲག་རྒོལ་བྱས་ཏེ། མི་༣༢ བསད་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༥ ལོར་ཧྥ་རན་སིར་དྲག་རྒོལ་བྱས་ཏེ་མི་༡༣༠ བསད་པའི་དྲག་སྤྱོད་དེའི་ནང་དུ། བྷེལ་རྗམ་དུ་སྡོད་མཁན་གྱི་དྲག་སྤྱོད་ཚོགས་པའི་ཚོགས་མི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||