མི་སྐྱ་ཚོས་འགན་ཁུར་ཐུབ་མི་འདུག

ཆེད་བརྗོད།

ད་ལྟའི་ཆར་མི་སྐྱའི་ནང་དགེ་འདུན་པར་ཁ་གཏོང་བ་དང། དགེ་འདུན་པས་སྤྱི་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་ཀྱི་མེད་སྐོར་བོད་ཕྱི་ནང་གཉིས་སུ་བརྗོད་མཁན་འདུག བསྔགས་བརྗོད་དང་སྐྱོན་བརྗོད་གཉིས་ཀ་ཡོད་ཆོག་པ་ཞིག་ཡིན་པ་མ་ཟད། མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་བས་ཀྱང་སྐྱོན་བརྗོད་དང་བསྔགས་བརྗོད་ཚང་མ་ཡོད་དགོས་ངེས་ཤིག་ཡིན་པས། དེ་དག་ནི་རྒྱུན་ལྡན་ལས་དམིགས་བསལ་གྱི་གནས་ཚུལ་ཞིག་གང་ཡང་མིན་ནའང། མཁས་པ་དང་མཁས་དབང་ཡིན་ཟེར་མཁན་རེ་ཟུང་གིས་གཙོས་མི་སྐྱ་ཁ་ཤས་ཀྱིས། བླ་མ་ཁ་ཤས་ཀྱིས་བོད་ཀྱི་བཀའ་བསྟན་གྱིས་གཙོས་ནང་པའི་ཆོས་གཞུང་ཁག་དབྱིན་ཇིའི་སྐད་ཡིག་དང། རྒྱ་ཡིག་ནང་བསྒྱུར་དང་སྒྱུར་བཞིན་པ་དག་གིས་བོད་སྐད་ཡིག་རྩ་མེད་གཏོང་བའི་རྒྱུ་ཉག་གཅིག་ཡིན་ཚུལ། བླ་མ་དང་མཁན་སྤྲུལ་དེ་དག་གིས་ཡིག་སྒྱུར་གྱི་ལས་གཞི་ཆེན་པོ་དེ་འདྲ་ཞིག་སྤེལ་དགོས་ན་དབྱིན་ཇི་སོགས་སྐད་ཡིག་གཞན་དུ་ཡོད་པའི་དེང་དུས་ཀྱི་རིག་གནས་རྣམས་བོད་ཡིག་ཏུ་སྒྱུར་ཐབས་མི་བྱེད་པ་ཧ་ཅང་ཐ་ཆད་ཡིན་ཚུལ་བརྗོད་བཞིན་འདུག

སྤྱིར་བོད་ཀྱི་སྐད་ཡིག་ནང་དེང་དུས་རིག་གནས་ཀྱི་ཐོག་ནས་སྟོང་ཆ་ཇི་སྙེད་ཅིག་ཡོད་པ་དངོས་བདེན་ཡིན་པ་དང། དེང་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་རྣམས་བོད་ཡིག་ཏུ་ནང་འདྲེན་ཐུབ་དགོས་པ་དེ་བོད་པ་ལ་མཚོན་ན་ཁ་ཚ་དགོས་གཏུག་གི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། གནད་དོན་དེའི་ཐོག་བོད་པ་རང་གི་ངོས་ནས་བཤད་ན་ནང་བསྟན་གཞུང་ལུགས་ཕྱིའི་སྐད་ཡིག་ཏུ་ཕར་སྒྱུར་རྒྱུ་ལས། དེང་དུས་ཀྱི་རིག་གནས་དག་བོད་ཡིག་ཏུ་སྒྱུར་རྒྱུ་དེ་ཁ་ཚ་དགོས་གཏུག་ཡིན་པ་ནི་སྨྲོས་མི་དགོས་པས། ལྟ་ཕྱོགས་དེ་གཅིག་པུའི་ཐོག་ནས་བཤད་ན་རྒྱུ་མཚན་ཆེན་པོ་ཡོད། ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་མི་སྣ་ཞིག་ལ་མཚོན་ན་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ནས་བསྟན་པའི་ལྟ་གྲུབ་གཙོ་བོར་བཟུང་ནས་ལས་དོན་བསྒྲུབ་དགོས་པས། ཆོས་པ་ཚད་ལྡན་ཞིག་ཡིན་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཅིག་པར་བལྟ་བ་ལས། རང་ཉིད་བོད་པ་ཡིན་པའི་རྒྱུ་མཚན་གྱིས་བོད་པ་ཁོ་ནར་དམིགས་བསལ་གང་ཡང་བྱེད་མི་སྲིད།

བོད་ཀྱི་ལོ་རྒྱུས་ནང་མི་སྐྱ་རིག་གནས་ཐམས་ཅད་ལ་མཁས་པ་ཧ་ཅང་ཉུང་ངུ་ཞིག་ལས་བྱུང་མྱོང་མེད་ནའང། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་སེར་སྐྱ་དང་ཕོ་མོ་ཁྱད་མེད་རིག་གནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་གཅིག་པ་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་བུ་ཕྲུག་སློབ་གྲྭར་གཏོང་བ་ལས། དགོན་པར་གཏོང་མཁན་ཧ་ཅང་དཀོན་ལ། ད་ཆ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་ཐོབ་པའང་ཕལ་ཆེར་མེད་ཅེས་བརྗོད་ཆོག་པ་ཞིག་ཏུ་གྱུར་ཡོད། མི་སྐྱའི་ནང་ཕྱི་ནང་རིག་གནས་ལ་ཤེས་རྒྱ་ཡོད་མཁན་དག་གིས་སྐད་ཡིག་གཞན་གྱི་ནང་ཡོད་པ་ཆོས་ཕྱོགས་དང་མ་འབྲེལ་བར་དེང་དུས་འཚོ་བ་དངོས་ལ་ཕན་པའི་ཤེས་ཡོན་རྣམས་བོད་ཀྱི་སྐད་ཡིག་ནང་སྒྱུར་ཐུབ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང། དེ་ནི་མི་སྐྱ་རྣམས་ཀྱི་བཟློག་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། ཆོས་ཕྱོགས་མི་སྣ་ཞིག་གི་ངོས་ནས་ཆོས་དང་འབྲེལ་བའི་བྱ་བ་གཙོར་བཟུང་བྱེད་སྐབས་བོད་ཡིག་ནང་ཡོད་པའི་ནང་པའི་གཞུང་ལུགས་རྣམས་སྐད་ཡིག་གཞན་དུ་བསྒྱུར་ཐབས་གནང་བ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད།

ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་དད་པ་ཁོ་ན་ཙམ་མ་ཡིན་པར་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་གཞུང་ལུགས་ཤིག་ཡིན་པའི་ལྟ་ཚུལ་སླེབས་བཞིན་པའི་སྐབས་འདིར། བོད་ཡིག་ནང་ཡོད་པའི་ནང་པའི་གཞུང་ལུགས་རྣམས་སྐད་ཡིག་གཞན་གྱི་ནང་དུ་བསྒྱུར་ན་སྐད་ཡིག་དེ་དང་འབྲེལ་བའི་མི་མང་པོ་ཞིག་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། མི་རིགས་དང། སྐྲ་དང་ཤ་མདོག་གི་ཁྱད་པར་མེད་པར་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་ཐུབ་ན། ནང་པའི་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་ལ་མཚོན་ན་དེ་བས་གཞན་བྱ་གཞག་རླབས་ཆེན་ཞིག་དང་གྲུབ་འབྲས་རླབས་ཆེན་ཞིག་མེད་ངེས་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་ནང་ཡོད་པའི་གཞུང་ལུགས་སྐད་ཡིག་གཞན་དུ་བསྒྱུར་བར་ནོར་འཁྲུལ་གང་ཡང་མེད་ལ། དོགས་པ་བྱེད་འོས་པ་གཅིག་ཡོད་པ་ནི་བོད་ཡིག་ནང་ཡོད་པ་ཇི་བཞིན་སྐད་ཡིག་གཞན་གྱི་ནང་ཚད་ལྡན་མ་ནོར་བ་ཞིག་ཡོང་ཐུབ་མིན་དེ་ཁོ་ན་རེད། གཞན་སོ་སོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཁུར་བར་གཞན་དག་སུ་གཅིག་མིག་ཚ་དགོས་དོན་མེད།

མདོར་ན་ད་ལྟའི་དུས་འདིར་མི་སྐྱ་ཤེས་ཡོན་ཅན་ཡིན་བསམ་མཁན་དང། སྐད་ཡིག་མང་པོ་ཤེས་མཁན། མཁས་དབང་དང་སློབ་དཔོན་ཆེན་མོའི་མིང་ཁུར་མཁན་ཇི་སྙེད་ཅིག་ཡོད་པ་དག་གིས་དེང་དུས་འཚོ་བའི་དགོས་མཁོ་དངོས་དང་འབྲེལ་བའི་རིག་གནས་རྣམས་བོད་ཡིག་ནང་ནང་འདྲེན་དགོས་པ་ལས། བླ་སྤྲུལ་རེ་ཟུང་གིས་སྒྲུབ་བཞིན་པའི་རླབས་ཆེན་གྱི་བྱ་བཞག་ལ་ཟུར་ཟ་དང་ཁ་རྡུང་གཏོང་ཐུབ་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། བོད་ཕྱི་ནང་གཉིས་སུ་དེང་དུས་དང་མཐུན་པའི་རིག་གནས་ལ་ཞབས་ཞུ་སྒྲུབ་ཐུབ་མཁན་རེ་ཟུང་ཡོད་པ་དེ་ཡང་གཙོ་བོ་སེར་མོ་བའི་སྤྱི་ཚོགས་ནས་ཡིན་པ་ལྟ་བུར་གྱུར་ཡོད་པ་ནི། མི་སྐྱའི་སྤྱི་ཚོགས་སུ་གཞན་ལ་ཁ་གཏོང་རྒྱུ་ཁོ་ན་ལས་ལག་བསྟར་བྱེད་ཐུབ་པའི་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་མེད་དམ། དུས་རབས་ཉེར་གཅིག་པའི་ནང་མི་སྐྱ་ཚོས་མི་སྐྱའི་རིག་གནས་ལ་ཞབས་འདེགས་ཞུ་མ་ཐུབ་པར་བླ་གྲྭ་ཚོར་ཁ་གཏོང་རྒྱུ་ཙམ་ལས་འཇོན་ནུས་མེད་པའི་ཁ་སྟབས་འདིས་ད་དུང་བོད་པ་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་དཀའ་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||