ཟམ་གདོང་རིན་པོ་ཆེས་བོད་ཀྱི་རང་དབང་འཐབ་རྩོད་མགོ་རྟིང་བསློགས་པ།

རྩོམ་པ་པོ། འཇམ་དབྱངས་ནོར་བུ། སྒྱུར་པ་པོ། སུམ་པ་ཕུན་ཚོགས།

 

སྤྱི་ལོ་༡༩༧༠ཟླ་བ་༡༠ པའི་ནང་བསྐོངས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་སྐབས། ཕྲན་དང་ཟམ་གདོང་རིན་པོ་ཆེ་གཉིས་བགྲོ་གླེང་ལྷུག་པོ་བྱེད་བཞིན་པའི་གོང་གི་པར་འདི་གྲོགས་པོ་རྙིང་པ་ཞིག་གིས་བསྐུར་བྱུང་ལ། པར་འདི་བསྐུར་བའི་རྒྱུ་མཚན་ཡང་ངས་སྤྱི་ལོ་༢༠༡༩ ལོར་བྲིས་པའི་རྩོམ་ཚན་པ་དང་པོའི་འབྲི་འཕྲོ་ལུས་སོང་ཟེར་བའི་དྲན་སྐུལ་ཡིན་སྲིད། རྩོམ་དེའི་ནང་ཟམ་གདོང་རིན་པོ་ཆེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་ལངས་པའི་སྐོར་དང་། དེ་ནས་སྤྱི་ལོ་༡༩༧༢ ལོར་ཁོང་གི་ཆབ་སྲིད་ཚོགས་པ་བོད་རང་དབང་བདེན་པའི་ལས་འགུལ་ཟེར་བ་དེ་གསར་འཛུགས་བྱས་པའི་སྐོར་སོགས་བྲིས་ཡོད། དེས་ན་ཀློག་པོ་རྣམ་པས་རྩོམ་འདི་ཕྲན་གྱིས་ལོ་གསུམ་གྱི་གོང་དུ་བྲིས་པའི་ཚན་པ་དང་པོ་དེའི་འབྲི་འཕྲོ་ལུས་ཤིང་། དུས་འགྱངས་སོང་བའི་རྩོམ་རིང་ཞིག་ལ་ངོས་འཛིན་བྱས་ན་ཆོག ། (ཚན་པ་དང་པོ་དེའི་སྙིང་དོན་བོད་སྐད་དུའང་བཤད་ཡོད)

རྩོམ་ཚན་པ་དང་པོ་དེའི་འཇུག་ཏུ་ཟམ་གདོང་རིན་པོ་ཆེ་གཡོན་ཕྱོགས་སྲིད་དབང་སྒེར་སྤྱོད་རིང་ལུགས་ཀྱི་ལྟ་བ་ལ་ཧ་ཅང་དགའ་མོས་ཡོད་ཚུལ་བྲིས་ཡོད། གཅིག་དགུ་དྲུག་ཅུ་དང་བདུན་ཅུའི་ནང་མའོ་ཙེ་ཏུང་གི་དགོངས་པ་ཟེར་བ་སྲིད་དབང་སྒེར་སྤྱོད་ལམ་ལུགས་ཀྱི་དཔེ་མཚོན་དུ་འགོད་ཅིང་། ལམ་ལུགས་འདི་འཛམ་གླིང་གང་སར་གྲགས་སུ་འགྲོ་རུ་འཇུག་བྱེད་ཀྱང་མའོ་ཙེ་ཏུང་གི་དགོངས་པ་ཟེར་བ་རྒྱ་མི་ཀུན་གྱིས་དུས་རྟག་ཏུ་འཁྱེར་དགོས་པའི་དེབ་ཆུང་མའོ་ཙེ་ཏུང་གི་གསུང་བཏུསཟེར་བ་དེ་རེད། 

དྲན་ཚོད་ལ་ཟམ་གདོང་རིན་པོ་ཆེ་ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་ཡིན་པའི་སྐབས། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་ཕྱོགས་སྒྲིག་གིས་མའོ་ཙི་ཏུང་གི་གསུང་བཏུས་གྲགས་ཅན་དཔེ་རུ་བླངས་ཏེ་རང་ཉིད་ཀྱི་གླེགས་བམ་ཞིག་སྒྲིག་འགོ་བཙུགས། 

ཟམ་གདོང་གི་བསམ་བློ། 

གཅིག་དགུ་བདུན་ཅུའི་དཀྱིལ་ཙམ་ནས་ཟམ་གདོང་རིན་པོ་ཆེ་ལ་ཁོང་གི་བསམ་བློའམ་ལྟ་བ་བྱུང་བ་དང་། བོད་མི་ཚོས་དེ་ལ་ཟམ་གདོང་གི་ལྟ་བ་ཟེར། རིན་པོ་ཆེས་གཟབ་ནན་ཆེན་པོས་ཁོང་གི་བསམ་བློ་གང་ཡིན་ཡིག་ཐོག་ལ་བཀོད་པ་གཅིག་ཀྱང་མེད་རུང་། དེའི་ཚབ་ཏུ་སྒྲ་ཕབ་འཁོར་ལོར་སྒྲ་འཇུག་གིས་ཁོང་གི་སློབ་ཕྲུག་ཚོ་དང་། རྗེས་འཇུག་པ་རྣམས་ལ་བཀྲམ་སྟེ། ཁོ་ཚོས་གསང་བའི་ངང་འདུ་འཛོམས་བྱས་ནས་ཉན་གྱི་ཡོད། དེ་ཡང་གསང་རྒྱ་ཆེ་ལ་ལྐོག་ལྐོག་སུད་སུད་ངང་ཉན་གྱི་ཡོད། 

(༡༩༩༦ལོའི་པར་གཞི།)

སྒྲ་ཕབ་འཕྲུལ་འཁོར་གཅིག་རྡ་སར་སླེབས་པར་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་(ང་དེ་དུས་ཚོགས་པ་འདིའི་རྒྱུན་ལས་ཡིན)ཀྱིས་མཚན་གཅིག་གཡར་རྒྱུ་བྱུང་། ཁོང་གི་བསམ་བློའམ་ལྟ་བ་ནི། མའོ་ཙེ་ཏུང་དང་ཨུ་རུ་སུ་སྤྱི་མཐུན་ལྷན་ཚོགས་ལ་བསྟོད་པ་དང་། ཨ་རི་ལ་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་དེ་རེད་འདུག ། ཁོང་གི་ལྟ་བ་ལྟར་ན། བོད་ཡུལ་ཐམས་ཅད་བོད་མིས་འཛིན་པ། ཤེས་ཡོན་སློབ་གསོ་རིན་མེད་ཡིན་པའི་སྟོང་བསམ་ཅན་གྱི་བོད་ཅིག་སྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག །དེ་མིན་ཐམས་ཅད་ཕལ་བ་ལས་ཉན་རིན་དང་དང་བ་འདྲེན་པ་གཅིག་ཀྱང་ཡོད་པ་དྲན་གྱི་མི་འདུག ། སྒྲ་ཕབ་འཕྲུལ་འཁོར་གྱི་མ་དཔེ་དེ་དག་དེང་སང་ལག་སོང་བྱུང་བ་མེད་ཚོད་ཡིན་འདུག་ཀྱང་།ཟམ་གདོང་གི་བསམ་བློ་ཡིག་ཐོག་ལ་བཀོད་དེ་སྤྱི་ལོ་༡༩༩༦ལོར་དེབ་ཆུང་ཞིག་དཔར་སྐྲུན་བྱས་ཡོད། དེབ་ཀྱི་མིང་དུ་<<Tibet: A Future Vision>> འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་ཟེར། ལྟ་བ་དང་འབྲེལ་བའི་ཐད་ལ་དེབ་འདིར་དག་བཤེར་དང་གཙང་སེལ་ཤུགས་ཆེར་བྱས་འདུག་ཀྱང་། ཁོང་གི་བསམ་བློ་རྙིང་པ་མི་ཉུང་བ་ཞིག་ཀྱང་དེབ་འདིར་འཁོད་འདུག།

 

ཟམ་གདོང་རིན་པོའི་ཆེའི་དཔལ་འབྱོར་རིག་པའི་ལངས་ཕྱོགས་ནི། སྤྱི་ཚོགས་རིང་ལུགས་དང་། མ་རྩ་རིང་ལུགས་གཉིས་ཀ་ཁས་ལེན་མེད་པའི་ལམ་ལུགས་ཤིག་ཡིན་པ་དང་། དེ་ནི་བརྗེ་ཚོང་ལམ་ལུགས་གཙོ་བོར་བཟུང་ནས། སྒོར་མོ་དང་སྒོར་མོའི་བྱེད་ལས་བཀག་སྡོམ་བྱེད་དགོས་པ་ཞིག་རེད།ཁེམ་པོ་ཊ་ཡའི་དམར་པོའི་གཞུང་གི་སྤྱི་ཁྱབ་སྲིད་བློན་དང་མི་དམངས་སྡེབ་གསོད་བྱེད་མཁན་ཕོལ་ཕོ་ཊི་(Pol Pot)ཡིས་ཀྱང་སྒོར་མོ་དང་། ཁྲོམ་རྭ། སྒེར་གྱི་ས་ཞིང་སོགས་རྩ་མེད་བཏང་བ་དང་། ཁོང་གི་ལངས་ཕྱོགས་མི་དམངས་ལ་གསལ་ཁ་ཡོང་སླད་རྒྱལ་ས་ཕེ་ནོ་ཕན་(Phnom Phen)ལ་ཡོད་པའི་དབུས་དངུལ་ཁང་ལ་འབར་རྫས་བརྒྱབས་ཏེ་གཏོར་བ་རེད། དེ་བཞིན་ལི་སྤི་ཡཱའི་སྲིད་དབང་སྒེར་སྤྱོད་པ་སྔ་མ་གྷ་རྡ་ཧྥིས་སྤྱི་ལོ་༡༩༧༥ལོར་བྲིས་པའི་དཔེ་དེབ་ལྗང་ཁུ(Green Book)ཟེར་བའི་ནང་སྒོར་མོ་རྩ་མེད་གཏོང་དགོས་པའི་ཚན་པ་ཞིག་ཀྱང་ཡོད། དཔེ་དེབ་ལྗང་ཁུ་ཡང་མའོ་ཙེ་ཏུང་གི་གསུང་བཏུས་ལ་ཡིད་སྨོན་ཤོར་ནས་བྲིས་པ་ཞིག་རེད། 

ཟམ་གདོང་གིས་བརྩམས་པའི་ <<Tibet: A Future Vision>> ཞེས་པའི་ནང་། བོད་མི་ཡོངས་ལ་ཆོས་དད་རང་མོས་སྤྲོད་པའི་ཁས་ལེན་བྱས་ཡོད་ཀྱང་། བོད་མི་ཁ་ཆེ་དང་། ཡེ་ཤུ་པ། བོན་པོ་རྣམས་ཀྱི་གྲངས་འབོར་ནི་ཕྲ་མཐོང་ཆེ་ཤེལ་གྱིས་བལྟས་ན་མ་གཏོགས་མི་མཐོང་བའི་གྲངས་ཉུང་ཞིག་རེད་ཅེས་བྲིས་འདུག་ཅིང་། དེས་ལན་འདེབས་བཀའ་བའི་དྲི་བ་མི་ཉུང་བ་ཞིག་སློང་གི་ཡོད། སྤྱིར་བོད་ལ་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཉུང་ཉུང་ཡིན་སྲིད་ཀྱང་། བོན་པོ་དང་ཁ་ཆེ་(ལྷ་པར་དུ་ཨ་མདོའི་ཕྱོགས་ཀྱི་ཁ་ཆེ་རྣམས་བརྩིས་ན)དེ་དག་གི་གྲངས་ཀ་ཉུང་ཉུང་ཞིག་ལར་ནས་མིན། མ་གཞི་ནས་ཕྲ་མཐོང་ཆེ་ཤེལལབ་དུས་བོད་ནང་གི་གྲངས་ཉུང་པ་རྣམས་གལ་གནད་དེ་ཙམ་མེད་པའི་སྐྱེ་དངོས་ཕྲ་མོ་ལྟ་བུར་ལྟ་དགོས་སམ། ལྷག་ཏུ་འབར་མའི་ནང་རོ་ཧིན་གྷའི་ཁ་ཆེ་གྲངས་ཉུང་མི་རིགས་དང་། སིང་ག་ལའི་སྟ་མལ་གྲངས་ཉུང་མི་རིགས་བཅས་བཙན་གནོན་དྲག་སྤྱོད་མྱོང་བཞིན་པའི་དུས་ལ། བོད་མི་སངས་རྒྱས་ཆོས་ལ་དད་མོས་བྱེད་མཁན་རྣམས་ཀྱིས་ཆོས་ལུགས་གྲུབ་མཐའ་གྲངས་ཉུང་པ་ཚོའི་སྐོར་གླེང་མོལ་བྱེད་དུས། དམའ་འབེབས་མཐོང་ཆུང་མ་བྱས་ན་ལེགས་བསམ། 

ཟམ་གདོང་རིན་པོ་ཆེས་ད་དུང་མ་འོངས་བའི་བོད་ནི། ཚགས་དམ་པའི་སྤྱི་ཚོགས་ཤིག་ཡིན་དགོས་པ་དང་། སྤྱི་ཚོགས་དེའི་ནང་དུ་ཚོགས་པ་དང་ཤོག་ཁག་ཡོང་མི་འོས་པའི་སྐོར་གླེང་ཡོད་པས། དེ་ནི་ཨུ་རུ་སུ་དང་རྒྱ་ནག་ལྟར་ཚོགས་པ་བྱེ་བྲག་པ་གཅིག་གིས་ཆབ་སྲིད་ཀྱི་དབང་ཆ་ཡོངས་སུ་བཟུང་བའི་དམངས་གཙོ་བཅོས་མ་ཞིག་ཏུ་སྣང་། 

ངས་དྲན་སོས་པ་ཞིག་ལ། གཅིག་དགུ་བདུན་ཅུའི་ནང་རྡ་རམ་ས་ལར་མི་ཚོས་ཟམ་གདོང་གི་ལྟ་བ་ཞེས་ཆོབ་སློང་བར་མ་ཟད། གཞན་ཡང་བཙན་བྱོལ་བོད་གཞུང་ལ་མཚོན་ན། ལྟ་བ་ཞེས་པ་འདི་ནི། སྤྱི་ལོ་༡༩༧༢ ལོར་ཁོང་གིས་འཇམ་པོའི་སྒོ་ནས་སྲིད་དབང་བཙན་འཕྲོག་བྱེད་རྩིས་བྱས་པ་དེ་དྲན་གསོ་གཏོང་བྱེད་ཅིག་ཀྱང་ཡིན་ངེས། འོན་ཀྱང་། ལོ་རབས་གཅིག་གི་རྗེས་སུ་བཙན་བྱོལ་བོད་མའི་ཆབ་སྲིད་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཐེབས་ཟིན། དུས་མཚམས་འདིའི་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རྟག་ཏུ་༸ཏཱ་ལའི་བླ་མ་དང་། བཙན་བྱོལ་བོད་གཞུང་གི་རྒྱབ་ཏུ་གཡོ་བ་མེད་པར་འགྲེང་བའི་ཚོགས་པ་ཞིག་རེད། འོན་ཀྱང་། སྐབས་དེ་དུས་དང་། ལྷག་པར་དུ་༸གོང་ས་མཆོག་གིས་སྤྱི་ལོ་༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་སི་ཊ་སི་སྦག་གི་གྲོས་འཆར་བཏོན་པའི་རྗེས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཏེ། བོད་རང་བཙན་རྩོད་ལེན་བྱེད་པ་ནི། ༸གོང་ས་མཆོག་དང་བཀའ་ཤག་གིས་གསར་དུ་རྙེད་པའི་བོད་རྒྱ་གྲོས་མོལ་གྱི་སྲིད་ཇུས་གསར་པའི་འགྲོ་ལམ་འགོད་བྱེད་དུ་གྱུར་པ་རེད། ཚོགས་གཙོ་ལྷ་བཟང་ཚེ་རིང་གིས་སྣེ་ཁྲིད་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཏམ་བཤད་དེར་གསལ་བའི་བོད་ཀྱི་བདག་དབང་བློས་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད།

མཚམས་འདི་ནས་རྡ་རམ་ས་ལར་ཆབ་སྲིད་ཀྱི་མི་སྣ་གསར་པ་ཞིག་དགོས་མཁོ་བྱུང་བས། དེ་ལ་ཟམ་གདོང་རིན་པོ་ཆེ་འོས་མིན་གྱི་གླེང་སློང་བྱུང་ཡོད་པར་སྣང་། ཟམ་གདོང་རིན་པོ་ཆེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གདུག་རྩུབ་ཆེན་པོས་དགག་པ་རྒྱག་མཁན་ཞིག་ཡིན་པར་མ་ཟད། ཐ་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཝ་ཎ་མཐོ་སློབ་ཏུ་ས་གནས་གཞོན་ནུ་ཚོགས་པ་འཛུགས་བཅུག་མེད་ཀྱང་། ཁོང་མི་སྣ་གསར་པ་དེའི་འོས་མིར་ལངས་པར་དོ་ཕོག་སོང་མེད་ལ། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དེ་དུས་བཀའ་བློན་རྒན་གྲས་ཡིན་པས་དེ་ལ་ཕན་ཐོགས་བྱུང་ཡོད་ཀྱང་སྲིད། གང་ཡིན་ཟེར་ན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ནི་སྤྱི་ལོ༡༩༧༢ལོར་བྱུང་བའི་ཟམ་གདོང་རིན་པོ་ཆེའི་ཆབ་སྲིད་ཚོགས་པའི་ཚོགས་མི་ཧུར་པོ་ཞིག་ཀྱང་རེད། 

དེ་ནས་ཟམ་གདོང་རིན་པོ་ཆེ་ཝ་ར་ཎ་སི་ནས་ཚུར་བོས་ཏེ། ༸གོང་ས་མཆོག་གིས་ཐད་ཀར་བདམས་པའི་བོད་ཀྱི་གྲོས་ཚོགས་འཐུས་མིར་བསྐོས། འདིར་གསལ་པོ་བརྗོད་དགོས་པ་ཞིག་ལ་ཟམ་གདོང་འོས་ཤོག་བླུགས་ནས་གྲོས་ཚོགས་ལ་སླེབས་པ་མིན་ལ། དེ་དུས་ཁོ་ལ་བོད་མི་ཆབ་སྲིད་འོས་མི་དང་འོག་ཤོག་འཕེན་མཁན་ཚང་མར་ངེས་པར་དུ་དགོས་པའི་སྤྱ་ཁྲལ་ལག་དེབ་ཀྱང་མེད། འོན་ཀྱང་། ཁོང་༸ཏཱ་ལའི་བླ་མས་བདམས་པ་དེ་ཁོ་ནས་གྲོས་ཚོགས་སུ་སྐྱོད་པའི་བར་ཆད་སེལ་བ་མ་ཟད། བཙན་བྱོལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ནོར་བ་མེད་པའི་གོ་རྒྱུ་ཞིག་ཀྱང་བཏང་བས། ཟམ་གདོང་གྲོས་ཚོགས་ཀྱི་ཚོགས་གཙོ་རུ་སྤྱི་མོས་ཀྱིས་བསྐོས་པ་དང་། སྤྱི་ལོ་༡༩༩༡ནས་༢༠༠༡བར་གྲོས་ཚོགས་སྐབས་གཉིས་རིང་ཚོགས་གཙོ་བྱས་ཡོད། 

སི་ཏྲ་སི་སྦག་ཏུ་བཏོན་པའི་གྲོས་འཆར།

སྤྱི་ལོ་༡༩༨༨ལོའི་ཟླ་བ་༦ཚེས་༡༥ལ་༸གོང་ས་མཆོག་གིས་སི་ཊ་སི་སྦག་(Strasbourg)ཏུ་ཡོ་རོབ་གྲོས་ཚོགས་སུ་སྩལ་བའི་གྲོས་འཆཪ་གཏམ་བཤད་ནང་། བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གནས་པའི་རང་སྲིད་རང་སྐྱོང་དང་དམངས་གཙོ་ཅན་ཞིག་བྱུང་ན། བོད་ཀྱི་བདག་དབང་བློས་གཏོང་བྱ་རྒྱུའི་སྐོར་གླེང་ཡོད། ཁོང་གི་གཏམ་བཤད་ཀྱི་མཇུལ་སྒྲིལ་མཚམས་དེར་གསུངས་དོན་བོད་མི་ཕལ་ཆེ་བ་བློ་ཕམ་འབྱུང་སྲིད་ཀྱང་།མཐའ་མའི་ཐག་གཅོད་ཀྱི་ནུས་པ་བོད་མི་དམངས་ལ་ཡོད་ཅེས་ནན་པོས་གསུངས་ཡོད་ལ། ཐག་གཅོད་དེ་ཡང་རྒྱལ་ཡོངས་འོས་བསྡུ་བྱས་ནས་འབྱུང་དགོས་པ་གསུངས་ཡོད། 

སྤྱི་ལོ་༡༩༨༨ལོའི་ཟླ་བ་༩ཚེས་༢༣ལ་རྒྱ་ནག་གིས་གྲོས་མོལ་བྱེད་འདོད་ཡོད་སྐོར་དྲིལ་བསྒྲགས་གཏམ་བཤད་བྱས་ཀྱང་། བཙན་བྱོལ་བོད་གཞུང་གིས་བསགས་པའི་ནོར་འཁྲུལ་དང་པོ་ནི། གྲོས་མོལ་འཐུས་མིའི་གྲས་སུ་སོ་སོས་སོ་སོ་༸ཏཱ་ལའི་བླ་མའི་ཁྲིམས་རྩོད་པ་ཡིན་ཟེར་མཁན་མ་ཁིལ་ཝེན་ཝོལ་ཊི(Michael Van Walt)བཞག་པ་རེད། ཕྱི་མི་གྲོས་གྲས་སུ་བཞག་པ་ལ་རྒྱ་ནག་གིས་དགག་བྱ་བྱས་པ་དང་། རྡ་རམ་ས་ལའི་སྲིད་གཞུང་གིས་ཕྱོགས་ལྷུང་མེད་པའི་གྲོས་མོལ་བྱ་ཡུལ་ཇེ་ནེ་ཝ་(Geneva)བདམས་ཡང་། རྒྱ་ནག་གིས་དེ་ལ་དགག་བྱ་བྱས་ནས། མཐའ་གཅིག་ཏུ་པེ་ཅིང་ངམ་ཧོང་ཁུང་གང་རུང་ཡིན་དགོས་པའི་ཨུ་ཚུགས་བྱས། རྡ་སའི་སྲིད་གཞུང་གིས་འདི་དག་ཚང་མར་འགྱུར་བ་གཏོང་བར་ཁས་ལེན་བྱས་ཀྱང་། དེ་རྗེས་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ལ་མུ་མཐུད་འབྲེལ་ལམ་བྱེད་རོགས་བྱས་མེད། 

སྤྱི་ལོ་༡༩༩༣ལོའི་ཟླ་བ་༤ནང་བོད་ཀྱི་ཟློས་གར་ཁང་གི་འཁྲབ་སྟོན་ཞིག་གི་རྗེས་སུ། ༸གོང་ས་མཆོག་གི་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་བློ་ཡུལ་ལས་འདས་པ་ཞིག་གནང་བས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧོན་འཐོར་དགོས་པ་བྱུང་ཡོད། ཁོང་གིས་གསུངས་དོན།ཁོང་དང་བོད་གཞུང་གིས་རྒྱ་ནག་དང་གྲོས་མོལ་ཡོང་བར་འབད་པ་གང་མང་བྱས་ཀྱང་མདུན་སྐྱོད་མ་བྱུང་བ་དང་། སྔར་རྒྱ་ནག་གིས་བཤད་པའི་ཆབ་སྲིད་སྐད་ཆ་ལ་ཕུགས་རྒྱང་རིང་པའི་གཡོ་ཇུས་དང་། བོད་མི་རིགས་རྩ་མེད་གཏོང་བའི་ཇུས་ངན་ཡོད་སྲིད་པའི་སེམས་འཚབ་ཡོད་སྐོར་གསུངས་ཡོད། ད་ལྟའི་ཆར་རྒྱ་རིགས་གནས་སྤོ་བ་འབོར་ཆེན་བོད་ལ་ཡོང་བཞིན་ཡོད་པས། བོད་ལ་སྔར་བྱུང་མ་མྱོང་བའི་འཇིགས་པ་ཆེ་ཤོས་དེ་འབྱུང་བཞིན་འདུག་ཅེས་གསུངས་མཚམས་བཞག་གནང་པ་རེད།

སྤྱི་ལོ་༡༩༧༩ནས་བཀའ་ཤག་དང་རྒྱ་ནག་བར་བྱུང་བའི་ཡིག་འཕྲིན་དང་གཞུང་འབྲེལ་ཡིག་ཆ་ཆ་ཚང་བཀའ་ཤག་གིས་མི་དམངས་ལ་ཡོངས་བསྒྲགས་བྱས་པ་དང་། སྤྱི་ལོ་༡༩༩༣ལོའི་ཟླ་བ་༡༠པའི་ཚེས་༣༡ལ་དམངས་གཙོ་དུས་དེབ་ཀྱི་འདོན་ཐེངས་དམིགས་བསལ་བ་དེའི་ནང་དེ་འབྲེལ་ཤོག་ངོས་བཅུ་ཅན་ཞིག་བཀོད་པ་དང་། ཤེས་བྱ་དང་། བོད་གནས་བསྐྱར་ཞིབ་(Tibetan Review)ལྟ་བུའི་བོད་དང་འབྲེལ་བའི་དུས་དེབ་རྣམས་སུ་ལ་ཡིག་ཕྲིན་དེ་དག་པར་སྐྲུན་དང་། བསམ་ཚུལ་རང་བཞིན་ཅན་གྱི་འབོལ་རྩོམ་སོགས་བཀོད་ཡོད། 

(དམངས་གཙོ་དུས་དེབ་ཀྱི་དམིགས་གསལ་པར་གཞི།)

ལོ་དེ་ག་རང་ལ་༸ཏཱ་ལའི་བླ་མས་གཏམ་བཤད་ཅིག་གནང་སྟེ། ཚིག་ཟིན་ལ་མ་བཀོད་ཀྱང་དོན་ལ་ཁོང་དང་ཁོང་གི་གཞུང་ངོས་ནས་ནུས་ཤུགས་ཡོད་དགུས་རྒྱ་ནག་དང་གྲོས་མོལ་བྱེད་འདོད་བྱས་ཀྱང་ལམ་ལྷོང་མ་བྱུང་སྐོར་གསུངས་ཡོད། སྤྱི་ལོ་༡༩༩༤ལོར་གསུང་སྒྲོས་དེ་ག་རང་ལོ་དེའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་གསུངས་ཡོད། དེ་རྗེས་སྤྱི་ལོ་༡༩༩༥ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ཁོང་གིས་འདི་ལྟར་གསལ་བསྒྲགས་གནང་།

ངོས་ནས་བོད་རང་བཙན་སྐོར་གུ་བཤངས་བྱེད་སྟངས་ལ་བོད་མི་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་ཐོག་ངོས་ནས་བཏོན་པའི་གྲོས་འཆར་ལ་རྒྱ་ཕྱོགས་ནས་བརྡ་ལན་ཚུལ་བཞིན་མ་བྱས་པ་དེས་ཀྱང་བོད་མི་ཚོར་བློ་ཁ་མ་ཁེངས་པའི་སེམས་ཚབས་ཇེ་ཆེར་སོང་བར་བརྟེན་གནད་དོན་འདིའི་ཐད་སྔ་ལོ་ངོས་ནས་མི་མང་རང་ལ་ཐད་ཀར་སྐད་ཆ་དྲིས་ཏེ་ཐག་གཅོད་བྱ་རྒྱུའི་བསམ་འཆར་བཏོན་ཡོད།

མང་མོས་འོས་བསྡུའི་སྟ་གོན་སྒྲིག་པ།

༸གོང་ས་མཆོག་གི་དགོངས་པ་ལ། རང་སྲིད་རང་སྐྱོང་དང་རང་བཙན་གཉིས་ཀྱི་འདམ་ག་དེ་བཙན་བྱོལ་བོད་མི་རྣམས་ཀྱིས་ཐག་གཅོད་བྱེད་དགོས་གསུངས་པ་ཁ་ཞེ་གཉིས་མེད་ཡིན་པ་ཧ་ཅང་གསལ་ཡང་། མང་མོས་འོས་བསྡུའི་འགྲོ་ལུགས་དེ་ངན་པ་དམར་རྗེན་དང་ནུས་པ་ཐོན་པའི་ཐོག་ནས་ཇི་ལྟར་གཏོར་སྐྱོན་བཏང་ངམ་ཞེ་ན། 

སྤྱི་ལོ་༡༩༩༥ལོའི་ཟླ་བ་༨ཚེས་༢༡ཉིན། ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གཙོ་འཛིན་བྱས་ཤིང་། ཚོགས་ཞུགས་བ་བཀའ་སྤྱི་ལྷན་རྒྱས་དང་། བཙན་བྱོལ་བོད་གཞུང་གི་གྲུང་ཡིག་རྣམ་པ་བཅས་འཛོམས་ཏེ་མང་མོས་འོས་བསྡུ་ཇི་ལྟར་བྱེད་དགོས་མིན་དང་། དེའི་ཁྱབ་ཚད་གང་ཡིན་སྐོར་སྔོན་འགྲོའི་གྲོས་བསྡུར་བྱས། མང་མོས་འོས་བསྡུའི་འདམ་ག་གཉིས་ནི་རང་བཙན་དང་རང་སྲིད་རང་སྐྱོང་རེད། སྔོན་འགྲོའི་ཚོགས་འདུ་འདིའི་སྐབས་རང་སྲིད་རང་སྐྱོང་ལ་དབུ་མའི་ལམ་ཟེར་བའི་མིང་གསར་པ་འདི་བཏགས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབུ་མ་ནི་མཐའ་གཉིས་སུ་མ་ལྷུང་བ་སྟེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའོ། །ཞེས་བཀྲལ་ཡོད། བོད་ཀྱི་བདག་དབང་རྒྱ་ནག་དམར་པོའི་གཞུང་ལ་སྤྲོད་པའི་སྲིད་ཇུས་ལ་མིང་གསར་པ་དབུ་མའི་ལམ་ཟེར་བ་བཏགས་པ་དེ་སྤྱང་གྲུང་ལྡན་པའི་ཐབས་ཤིག་རེད་ལ། ཧ་ཅང་གཡོ་སྒྱུ་ཆེ་ལ། ཆོས་ལ་གུས་མེད་བྱས་པ་ཞིག་ཀྱང་ཏན་ཏན་རེད། 

དབུ་མ་ཞེས་པའི་ཚིག་དོན་གང་ཡིན་ཟུར་ལ་བཞག་ནས་བཤད་ན། མང་མོས་འོས་བསྡུའི་འདམ་ག་གཉིས་ནི། རང་བཙན་དང་དབུ་མའི་ལམ་རེད། སྤྱིའི་འགྲོ་ལུགས་ལྟར་ན་འདམ་ག་དེ་གཉིས་ཁོ་ན་ཡིན་དགོས་ཀྱང་། འབྲེལ་བ་ཅི་ཡང་མེད་པའི་ཡ་མ་ཟུང་གི་འདམ་ག་གཉིས་ཁ་སྣོན་བྱས་པ་ནི། ཐོག་མའི་འདམ་ག་གཉིས་ཀྱི་མངོན་གསལ་གྱི་ཁྱད་པར་དང་འགལ་བ་མི་གསལ་བ་བཟོ་ཆེད་དང་། འབྱུང་བཞིན་པའི་མགོ་སྐོར་སླུ་བྲིད་ཀྱི་ཆུ་རྒྱུན་གྱི་ཆུ་མགོ་སྙོག་ཆེད་ཙམ་རེད། ཟམ་གདོང་རིན་པོ་ཆེས་བསྣན་པའི་ཡ་མ་ཟུང་གི་འདམ་ག་དང་པོ་ནི། གྷ་དྷན་རིང་ལུགས་ཀྱི་བཅོས་མའི་ལྟ་བ་བདེན་པའི་ཨུ་ཚུགས་ཟེར་བ་དེ་རེད། དེ་ལས་ཀྱང་ཡ་མ་ཟུང་ཆེ་བའི་མང་མོས་འོས་བསྡུའི་འདམ་ག་གཉིས་པ་ནི།  རང་ཐག་རང་གཅོད་ཟེར་བ་དེ་རེད། ནུབ་ཕྱོགས་པ་བོད་དོན་རྒྱབ་སྐྱོར་བ་ཞིག་མགོ་འཐོམས་ཏེ་བྲིས་དོན།གལ་དེ་མང་མོས་རང་ཐག་རང་གཅོད་ཀྱི་འོས་བསྡུ་བྱེད་བཞིན་ཡོད་ན། དེའི་འདམ་ག་རང་ཐག་རང་གཅོད་ཟེར་བ་ཞིག་ཡོང་མི་རུང་ཞེས་བྲིས་ཡོད། སྤྱི་ལོ་༡༩༩༥ལོའི་ཟླ་བ་༩ཚེས་༢ལ་བཀའ་ཤག་གིས་གཞིས་ཆགས་འགོ་འཛིན་རྣམས་ལ་རང་བཙན་དང་། དབུ་མའི་ལམ། བདེན་པའི་ཨུ་ཚུགས། རང་ཐག་ཪང་གཅོད་བཅས་མང་མོས་འོས་བསྡུའི་འདམ་ག་བཞིའི་སྐོར་གྱི་རགས་ཟིན་བཀོད་པའི་ཤོག་ལྷེ་བཅུ་གཉིས་ཅན་གྱི་འགྲེལ་བཤད་ཅིག་འགྲེམ་སྤེལ་བྱས་ཡོད། སྤྱི་ལོ་༡༩༩༥ལོའི་ཟླ་བ་༩ཚེས་༢ལ་བཀའ་ཤག་གིས་གཞིས་ཆགས་འགོ་འཛིན་རྣམས་ལ་ཤོག་ལྷེ་བཅུ་གཉིས་ཅན་གྱི་འགྲེལ་བཤད་ཅིག་འགྲེམ་སྤེལ་བྱས་ཏེ། རང་བཙན་དང་། དབུ་མའི་ལམ། བདེན་པའི་ཨུ་ཚུགས། རང་ཐག་ཪང་གཅོད་བཅས་མང་མོས་འོས་བསྡུའི་འདམ་ག་བཞིའི་སྐོར་གྱི་རགས་ཟིན་བཀོད་ཡོད། སྤྱི་ལོ་༡༩༩༦ལོའི་ཟླ་བ་༨ནང་སྤྱི་འཐུས་ཚོགས་ཆུང་ཁག་གཞིས་གྲོང་ཁག་ལ་ཕེབས་ནས་བོད་མི་རྣམས་ལ་འདམ་ག་བཞི་དེའི་སྐོར་འགྲེལ་བཤད་སྐྱོན་དུ་སོང་མ་ཐག ། རྩོད་གླེང་གི་རྒྱ་ལ་ཚུད་པ་རེད།

མང་མོས་འོས་བསྡུ་གོ་སྒྲིག་བྱས་པ། 

མང་མོས་འོས་བསྡུའི་སྐོར་གྱི་ཚོགས་འདུ་སྔ་ཤོས་གཅིག་ནི་རྡ་རམ་ས་ལ་དང་ཁད་དེ་ཙམ་མི་རིང་བའི་རཱ་ཇི་སྤུའི་གཞིས་ཆགས་ལ་འཚོགས་པ་རེད། ཚོགས་འདུ་འཚོགས་ཉིན་གྱི་དགོང་དྲོ་དེ་རང་ལ་ཚོགས་བཅར་བ་དམངས་གཙོ་གསར་ཁང་གི་གསར་འགོད་པ་ཟུར་པ་ཞིག་གིས་ང་ཚོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ལ་ཁ་པར་ཞིག་བཏང་བྱུང་། ཁོང་གིས་ང་ཚོ་ལ་བརྗོད་དོན། སྤྱི་འཐུས་ཚོགས་ཆུང་གིས་འགྲེལ་བཤད་གནང་སྐབས་ཤུགས་ལ་གོ་རྒྱུ་གསལ་པོ་ཞིག་བཏང་བ་ནི། གལ་ཏེ་དབུ་མའི་ལམ་ལ་འོས་ཤོག་མ་འཕང་ན་དེ་ནི་༸གོང་ས་མཆོག་ལ་དད་གུས་མེད་པ་དང་གཅིག་མཚུངས་ཡིན་པའི་རྣམ་པ་བསྟན་སོང་ཞེས་བརྗོད། དེ་བས་མི་དམངས་མགོ་འཐོམས་པ་མ་ཟད་ཁོང་ཁྲོ་ཡང་ལངས་པ་རེད།

སྤྱི་འཐུས་ཚོགས་ཆུང་གི་གཏམ་བཤད་ཚར་རྗེས་ཐོག་མར་སྐད་ཆ་ཤོད་མཁན་ནི། རྒས་ཡོལ་ཞུས་ཏེ་རཱ་ཇི་སྤུར་བཞུགས་ཡོད་པའི་བཀའ་བློན་ཟུར་པ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་རེད། ཁོང་གིས་ཚང་མའི་མདུན་དུ་རང་བཙན་ལེན་རྒྱུའི་དམིགས་ཡུལ་དོར་བ་ཁས་ལེན་བྱ་ཐབས་མེད་ཀྱང་། ༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་མི་འདོད་པ་དང་། དེར་བརྟེན་མང་མོས་འོས་བསྡུ་འདི་ལྟ་བུར་མཉམ་ཞུགས་བྱེད་འདོད་མེད་ཅེས་བཤད་པ་རེད། ཚོགས་འདུ་གྲོལ་ནས་ཅུང་ཙམ་སོང་བའི་རྗེས་སུ་བཀའ་ཟུར་ཀུན་བདེ་གླིང་གི་རང་ཤག་ཏུ་གདོང་རིས་བཀབ་པའི་མི་འགས་གཅར་རྡུང་དྲག་པོ་བཏང་ཡང་། སྟབས་ལེགས་པ་ཞིག་ལ་ཁོང་སྲོག་མགོ་ཐོན་ཙམ་བྱུང་བ་རེད། འགའ་རས་ཚོད་དཔག་བྱས་པ་ལྟར་ན་གཅར་རྡུང་དེ་ཁོང་གིས་དབུ་མའི་ལམ་ལ་དགག་པ་བརྒྱབ་པས་རེད་ཅེས་བརྗོད། ཚོགས་འདུའི་སྐབས་བོད་མི་གཞན་གྱིས་ཀྱང་ཡར་ལངས་ནས་སྐད་ཆ་བཤད་པ་དང་། ཁོང་ཚོས་གཙོ་བོ་ཀུན་བདེ་གླིང་གིས་གང་བཤད་པ་དང་གཅིག་མཚུངས་བཤད་ཡོད། ཡང་འགའ་ཞིག་གིས་གསལ་འདེབས་ཚུལ་དུ་བརྗོད་དོན། སྔ་ལོ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་༸གོང་ས་མཆོག་གིས་དབུ་མའི་ལམ་ལ་ལམ་ལྷོང་བྱུང་མེད་པ་གསལ་ཐག་ཆོད་གསུངས་རྗེས། ད་ལྟ་ཁོང་གིས་མི་དམངས་ལ་དབུ་མའི་ལམ་འདེམ་དགོས་གསུང་སྲིད་དམ་ཞེས་དྲིས་ཡོད།

(ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ནི་རྒྱལ་བ་རིན་པོ་ཆེ་བྲོས་བྱོལ་དུ་ཕེབས་སྐབས་ཕེབས་ལམ་གོ་སྒྲིག་བྱེད་མཁན་གཙོ་བོ་ཞིག་རེད།)

རཱ་ཇི་སྤུའི་བོད་མི་གཞིས་ཆགས་ཕལ་ཆེ་བས་མང་མོས་འོས་བསྡུར་མཉམ་ཞུགས་བྱེད་འདོད་མེད་པའི་ཁྱབ་བསྒྲགས་བྱས་པ་དང་། གལ་ཏེ་བོད་གཞུང་དང་སྤྱི་འཐུས་རྣམས་༸གོང་ས་མཆོག་གིས་མུ་མཐུད་དབུ་མའི་ལམ་ལ་ཕེབས་དགོས་པ་འདོད་བཞིན་ཡོད་ན། སོ་སོས་ཐད་ཀར་༸གོང་ས་མཆོག་ལ་ཞུ་དགོས་པ་ལས།མི་དམངས་ལ་ལག་པ་མ་ཕྱིས་ཞེས་བཤད། རཱ་ཇི་སྤུའི་གནས་ཚུལ་བཙན་བྱོལ་སྤྱི་ཚོགས་ནང་ལམ་སང་ཁྱབ་ཡོད་དེ། དཔེར་ན་ཨ་རི་ནོའུ་ཡོག་གི་བོད་མི་དང་བོད་གཞུང་གི་ལས་བྱེད་བར་ཁྲག་ཤེད་འཕར་བའི་ཚིག་རྩོད་ཀྱང་ཤོར་བ་རེད། གང་ལྟར་ཕྱོགས་གང་སའི་བོད་མི་ཕལ་ཆེ་བས་མང་མོས་འོས་བསྡུར་མཉམ་ཞུགས་བྱེད་རོགས་བྱས་མེད། 

དྲན་སོས་དགོས་པ་ཞིག་ལ། དེ་བར་དུ་རང་བཙན་ནི་བོད་མི་ཡིན་ནོ་ཅོག་གི་དམིགས་ཡུལ་གཅིག་པུ་དེ་རེད་ལ།རང་བཙན་ཞེས་པའི་ཚིག་འདི་གླུ་གཞས་དང་། ཟློ་གར། དཔེ་དེབ། བོད་མིའི་མགོ་འཛིན་པ་རྣམས་ཀྱི་ཆབ་སྲིད་ཀྱི་བཀའ་མོལ་བཅས་བརྒྱུད་དེ་བོད་མི་ཚོའི་སྒྲ་འཛིན་ཡིད་ཀྱི་དབང་པོར་རྔ་བོ་ཆེའི་སྒྲ་ལྟར་གྲགས་བཞིན་ཡོད། དེ་བཞིན་༸གོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་སྐབས་གང་ཡིན་ཡང་བོད་མི་ཡོངས་ལ། ཉིན་ཞིག་ང་ཚོ་རང་དབང་དང་རང་བཙན་ཅན་གྱི་བོད་ཡུལ་ལ་ལོག་ཐུབ་པའི་གསུང་བཤད་གནང་ཡོད་པ་བཤད་ག་ལ་དགོས།

མང་མོས་འོས་བསྡུ་མགོ་ཡུ་འཁོར་དུ་བཅུག་པ།

འོན་ཀྱང་རྡ་རམ་ས་ལར་ཟམ་གདོང་རིན་པོ་ཆེས་འགོ་ཁྲིད་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་སྦོ་ལུག་པའི་མང་མོས་འོས་བསྡུའི་གནས་ཚུལ་འདི་སྒོ་ཀུན་ནས་འགྲེལ་བཤད་ལོག་པ་དང་། ཧ་ཅང་གཡོ་སྒྱུ་ཆེ་བའི་གསར་བཟོ་ཡང་བྱས་ཡོད། ཐོག་མའི་གསལ་བསྒྲགས་ཤིག་གནང་བའི་ནང་བརྗོད་དོན། དེ་སྔོན་བོད་མི་དམངས་སྤྱི་འཐུས་རྣམ་པས་གོ་སྒྲིག་ཞུས་པའི་ཚོགས་འདུ་ཁག་ནི་མང་མོས་འོས་བསྡུ་བྱེད་ཆེད་མིན་པར། མང་མོས་འོས་བསྡུ་བྱེད་དགོས་མིན་མི་དམངས་ཀྱི་བསམ་འཆར་དང་བསམ་ཚུལ་བསྡུ་ལེན་བྱ་ཆེད་ཁོ་ན་ཡིན་པར་བཤད་ཡོད། འོན་ཀྱང་༡༩༩༧ཟླ་བ་༩ཚེས་༡༨ཉིན་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་བཞི་པའི་ཚོགས་དུས་སྐབས་མང་མོས་ཐག་གཅོད་འདི་ཁྱབ་བསྒྲགས་བྱས་པ་རེད།

སྔོན་འགྲོའི་བསམ་འཆཪ་བསྡུ་ལེན་ཐེངས་གཅིག་བྱས་རྗེས། བོད་མི་དམངས་ཕལ་ཆེ་བས་མང་མོས་འོས་བསྡུ་བྱེད་འདོད་མེད་པར། ཆབ་སྲིད་ཀྱི་འགྱུར་འགྲོས་གནས་བབ་དང་བསྟུན་ནས་༸གོང་ས་མཆོག་གིས་དུས་དང་དུས་སུ་གང་འོས་ཐུགས་ཐག་བཅད་ན་འོས་པའི་བསམ་འཆར་བྱུང་བ་དང་། བོད་མི་ཁྱོན་བསྡོམས་བརྒྱ་ཆ་༦༤.༦༠ཡིས་མང་མོས་འོས་བསྡུ་བྱེད་མི་དགོས་པའི་རེ་བ་བཏོན་ཏེ། ཐག་གཅོད་གང་བྱེད་བོད་གཞུང་དང་༸གོང་ས་མཆོག་གིས་བྱས་ན་འཐུས་པ་བརྗོད། 

སྔོན་འགྲོའི་བསམ་འཆར་བསྡུ་ལེན་ཟེར་བ་ནི་སྤྱི་ལོ་༡༩༩༦ཟླ་བ་༨ནང་བོད་མིའི་གཞིས་ཆགས་ཁག་ལ་མང་མོས་འོས་བསྡུ་བྱས་རྩིས་བྱས་ཀྱང་ལམ་ལྷོང་མ་བྱུང་བ་དེ་རེད། བརྒྱ་ཆ་༦༤.༦༠ཟེར་བ་ནི་གསར་བཟོ་རང་རེད། མི་དམངས་ཀྱིས་མང་མོས་འོས་བསྡུར་མཉམ་ཞུགས་བྱས་མེད་ཀྱང་། མི་དམངས་ཀྱིས་མི་འདོད་བཞིན་ཕྱི་རུ་དོན་པའམ། འོས་ཤོག་མ་བླུགས་པ། ཡང་ན་ལག་པ་བཀྱགས་ཏེ་མི་འཐད་པའི་རྣམ་པ་བསྟན་གང་ཡིན་སུས་ཀྱང་ལབ་ཚོད་མི་ཐིག ་ཀྱང་། མང་མོས་འོས་བསྡུར་མཉམ་ཞུགས་བྱས་མེད་ལ། མི་དམངས་འདུ་སྐོང་གི་ཚོགས་འདུ་ཕལ་ཆེ་བ་ཟང་ཟིང་ངང་གྲོལ་བ་རེད། 

བོད་མི་དམངས་ངོས་ནས་མང་མོས་འོས་བསྡུར་མཉམ་ཞུགས་བྱེད་རོགས་བྱས་མེད་ལ། ཁོང་ཚོས་ནམ་ཡང་༸གོང་ས་མཆོག་གིས་དུས་དང་དུས་སུ་གང་འོས་ཐུགས་ཐག་བཅད་ན་འོས་པའི་བསམ་འཆར་ཡང་བཏོན་མེད། 

མང་མོས་འོས་བསྡུའི་གཡོ་ཇུས་གཉིས་པ།

(སྤྱི་ལོ་༢༠༠༨ལོའི་ཟླ་བ་༣ནང་བོད་མིས་རྒྱ་ནག་གི་དམག་མིའི་རླངས་འཁོར་ལ་རྡོ་གཞུ་བཞིན་པའི་རྣམ་པ།)

པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་། བོད་ཡུལ་གང་སར་རྒྱ་ནག་ལ་ངོ་རྒོལ་བྱས་ནས་དམ་དྲག་ཤུགས་ཆེར་བྱས་རྗེས། སྤྱི་ལོ་༢༠༠༨ལོའི་ཟླ་བ་༡༠ཚེས་༢༥ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བྱེད་སྒོ་ཞིག་གི་སྐབས་༸གོང་ས་མཆོག་གི་གསུངས་བཤད་ནང་། གྲོས་མོལ་རིམ་པའི་ནང་རྒྱ་ནག་གིས་ཁ་དང་ཁོག་པ་ཁ་ཁ་བྱས་པ་མང་བ་དང་། བོད་ནང་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེར་བྱས་ནས་གནས་སྟངས་ཧ་ཅང་སྡུག་ཏུ་སོང་སྟབས། ད་ལྟའི་སྲིད་ཇུས་མུ་མཐུད་འཛིན་ཐབས་བྲལ་སོང་ཞེས་གསུངས་ཡོད།ངོས་ནས་བཙན་བྱོལ་བོད་གཞུང་དམངས་གཙོ་ཡང་དག་ཡིན་པའི་ཐོག་ནས་བོད་མི་དམངས་ལ་བཀའ་འདྲི་ཞུས་ཏེ་གྲོས་མོལ་མདུན་སྐྱོད་ཇི་ལྟར་ཡོང་ཐབས་ཐག་གཅོད་བྱེད་དགོས་ཞེས་བཤད་ཟིན།ཞེས་གསུངས་ཡོད། ལོ་དེའི་སྤྱི་ཟླ་༡༡ནང་ཛ་དྲག་ཚོགས་འདུ་ཞིག་འཚོགས་དགོས་པའི་བཀའ་ཕེབས། 

༸ཏཱ་ལའི་བླ་མའི་སྐུ་སྒེར་ཡིག་ཚང་ནས་གསར་འགོད་གསར་བསྒྲགས་ཤིག་ཕེབས་པ་དང་། སྐུའི་མགྲིན་ཚབ་པ་བསྟན་འཛིན་སྟག་ལྷས་AFPགསར་ཁང་ལ་བརྗོད་དོན།མ་འོངས་བོད་ཀྱི་ལས་འགུལ་བྱེད་ཕྱོགས་དང་། རང་སྲིད་རང་སྐྱོང་གི་སྲིད་ཇུས་དོར་ཏེ་རང་བཙན་གཙང་མ་རྩོད་ལེན་བྱེད་སྲིད་པའི་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་ཁག་ནི། ཟླ་བ་རྗེས་མའི་དམིགས་བསལ་ཚོགས་འདུའི་བརྗོད་གཞི་ཡིན་པ་དང་། ཚོགས་བཅར་བ་འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཐུས་མི་སུམ་བརྒྱ་ཡས་མས་ཡོད་པ་དང་། འཐབ་རྩོད་ཇི་ལྟར་བྱེད་རུང་འཚེ་མེད་ཞི་བ་ཡིན་དགོས་པ་ནི་ཚང་མས་མོས་མཐུན་བྱུང་ཟིན་པའི་གནད་དོན་ཁོ་ན་དེ་ཡིན་ཞེས་བརྗོད། 

ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་སྔར་སྤྱི་ལོ་༡༩༩༥ལོ་ལས་ལྷག་པའི་སེམས་ཚོར་དང་དཔའ་ངར་རྒྱས་པ་དང་། སྤྱི་ལོ་༢༠༠༨ལོར་བོད་མཐོ་སྒང་ལ་གཞི་རྒྱ་ཆེ་ལ་གསར་བརྗེ་རང་བཞིན་ཅན་གྱི་ངོ་རྒོལ་གང་མང་བྱུང་བར་མ་ཟད། བཙན་བྱོན་བོད་མི་དམངས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གོ་ལ་ཡོངས་ལ་ནམ་ཡང་མཚམས་མི་ཆད་པར་སྣང་བའི་ལས་འགུལ་དང་། ཞི་བདེའི་གོམ་བགྲོད་སོགས་བྱས་ཡོད། རྡ་རམ་ས་ལར་ཛ་དྲག་ཚོགས་འདུ་འཚོགས་སྐབས་རྒྱལ་སྤྱིའི་གསར་ཁང་གི་བརྙན་ལེན་མི་སྣ་དང་གསར་འགོད་པས་ཡོངས་སུ་ཚང་ཁ་ཤིག་ཤིག་ཆགས་པ་རེད། 

འོན་ཀྱང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་གཞི་རྩའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་བཀའ་ཕེབས་ཟིན་ཀྱང་། ཟམ་གདོང་རིན་པོ་ཆེས་(སྐབས་འདིར་ཟམ་གདོང་བཀའ་ཁྲི་ཆགས་ཟིན)ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲི་ཞིག་གི་ནང་དུ།ང་ཚོ་དབུ་མའི་ལམ་གྱི་སྲིད་ཇུས་ལ་དམ་བཅའ་བརྟན་པོ་ཡོད་ལ། རྒྱ་ནག་གི་ཁྲིམས་སྒྲིག་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་མུ་མཐུད་འབད་རྩོན་བྱ་རྒྱུ་ཡིན་པས། དེ་ལ་འགྱུར་བ་འགྲོ་མི་སྲིད་ཅེས་བཤད་པ་རེད། ཟམ་གདོང་རིན་པོ་ཆེའི་སྣེ་ཁྲིད་འོག་བོད་མི་དམངས་ཀྱི་དབུ་མའི་ལམ་གྱི་ལས་འགུལ་གོ་སྒྲིག་བྱས་པ་དང་། སྤྱི་ལོ་༢༠༠༨ཟླ་བ་༢པའི་ནང་ཟམ་གདོང་རིན་པོ་ཆེས་དེའི་ཚོགས་འདུ་དང་པོའི་ཐོག་གཏམ་བཤད་གཙོ་བོ་དེ་སྤེལ་ཡོད། 

བཀའ་བློན་ཁྲི་པ་ཡིན་པའི་ངོས་ནས། རིན་པོ་ཆེས་གཟབ་གཟབ་ནན་ནན་བྱས་པ་ཞིག་ལ། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འགོ་ཁྲིད་དང་། ལས་བྱེད། གཞིས་ཆགས་ཀྱི་མགོ་འཛིན། སྤྱི་འཐུས་ཟུར་པ་དང་ལས་ཐོག་པ་ཁོ་ནར་ཚོགས་བཅར་ཡོང་བའི་མགྲོན་འབོད་བཏང་བ་དང་། ལམ་འགྲུལ་གྱི་འགྲོ་སོང་དང་། ཐ་ན་ཨ་རི་དང་ཡོ་རོབ་ཚུན་གྱི་གནམ་གྲུའི་བདལ་གླ་ཡང་སྤྲད་པ་རེད། དེ་མིན་སུ་ལའང་འགྲོ་སོང་ཕར་ཞོག་མགྲོན་འབོད་ཀྱང་བྱས་མེད། བོད་མི་མཁས་དབང་དང་ལོ་རྒྱུས་སྨྲ་བ་གཅིག་ཀྱང་བོས་མེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཞབས་སྟེགས་གཉིས་ཀྱི་ས་དམིགས་ལས་སྤྲད་མེད། རང་བཙན་རྩོད་ལེན་བྱེད་མཁན་གྱི་ཚོགས་པ་དང་ཚོགས་མི་རྣམས་ལ་ཚོགས་བཅར་འགྲོན་འབོད་བཏང་མེད་ཀྱང་། ང་ཚོ་རེ་ཟུང་ཞིག་སོ་སོས་འགྲོ་སོང་བཏང་ནས་བཅར་བ་ཡིན། ཛ་དྲག་ཚོགས་འདུའི་སྐབས་སུ་རང་བཙན་རྩོད་ལེན་བྱེད་མཁན་གྱི་ཚོགས་བཅར་བ་ཧ་ཅང་ཉུང་ཉུང་ཞིག་ལས་མེད། 

རིན་པོ་ཆེའི་དབུ་མའི་ལམ་གྱི་ཚོགས་མི་ཚོས་ཟླ་ཤས་གོང་དུ་གཞིས་ཆགས་ཁག་ལ་མི་དམངས་འདུ་སྐོང་བྱས་ཏེ་ཚོགས་འདུ་ཐེངས་མང་འཚོགས་ཡོད་པ་དང་། ཚོགས་འདུའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་ལོ་དེའི་ལོ་མགོར་ངོ་རྒོལ་སྐད་འབོད་དང་། ཞི་བདེའི་གོམ་བགྲོད་སོགས་བྱས་པས། ༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་ཡོད་ཅེས་མི་རབས་རྒན་པ་རྣམས་མགོ་སྐོར་བསླུ་བྲིད་བྱས་ནས་འགལ་ཟླ་བཟོས་ཡོད། དེས་མི་ཚད་ཁོང་ཚོས་མི་དམངས་གོ་ཐོས་ཆུང་བར་དམིགས་ཏེ་གནས་ཚུལ་རྫུན་བཟོ་བྱས་ནས་འཇིགས་སྐུལ་བྱས་ཡོད། དཔེར་ན་དེ་ལྟ་བུའི་གནས་ཚུལ་གཅིག་ནི། བོད་མིས་དབུ་མའི་ལམ་དོར་ནས་རང་བཙན་རྩོད་ལེན་བྱས་པ་ཡིན་ན། རྒྱ་གར་གཞུང་གིས་བོད་མི་རྣམས་ཕྱིར་འབུད་གཏང་རྒྱུ་རེད་ཅེས་བཤད་པ་དེ་རེད། 

ཛ་དྲག་ཚོགས་འདུའི་ཉིན་གཉིས་པར་ཟམ་གདོང་རིན་པོ་ཆེ་དང་། ཁོང་གི་རྗེས་འཇུག་པའི་ཐབས་ཇུས་གང་ཡིན་གསལ་པོར་གྱུར་སོང་། དབུ་མའི་ལམ་ལས་འགུལ་གྱི་ཚོགས་མི་དང་། རྒྱ་གར་དང་བལ་ཡུལ་ལ་ཡོད་པའི་གཞིས་ཆགས་ཁག་གི་འཐུས་མིས་ཚོས། དེ་སྔོན་ཁོང་ཚོས་བསྡུ་སྐོང་བྱས་པའི་ཚོགས་འདུའི་སྐབས་བསྡུ་རུབ་བྱས་པའི་ཚོགས་བཅར་བའི་མིང་རྟགས་དང་། ཚོགས་འདུའི་ཐོག་ཐག་གཅོད་གང་བྱུང་ཡིག་ཐོག་འཁོད་པ་ཐམས་ཅད་ད་རེས་ཛ་དྲག་ཚོགས་འདུའི་ཐག་གཅོད་གཏན་འབེབ་ནང་ཚུད་དགོས་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་རེད། ཁོང་ཚོའི་ཡིག་ཆ་དང་མིང་རྟགས་སྟོང་ཁྲག་བརྒལ་བ་དེ་དག་དངོས་བདེན་ཡིན་མིན་ར་སྤྲོད་དཔང་རྟགས་གཅིག་ཀྱང་མེད་རུང་། ཛ་དྲག་ཚོགས་འདུའི་སྐབས་བྱུང་བའི་གྲོས་མོལ་ཐག་གཅོད་གང་བྱུང་ལ་ནུས་མེད་བཟོས་པ་མ་ཟད། ཛ་དྲག་ཚོགས་འདུའི་སྐབས་དངོས་སུ་བསྡུས་པའི་འོས་ཤོག་ལ་ནུས་པ་མེད་པ་བྱས་ཡོད། མདོར་ན་ཚོགས་བཅར་བ་རང་བཙན་འཐབ་རྩོདབྱེད་མཁན་རེ་གཉིས་ཡོད་པ་ཚོའི་སྲིད་དོན་བསམ་ཚུལ་དང་ཐབས་ཇུས་གཅིག་ཀྱང་མཐའ་མའི་ཐག་གཅོད་ནང་གསལ་མེད། 

ཛ་དྲག་ཚོགས་འདུའི་ཚོགས་དུས་མཐའ་མའི་སྐབས་བྱུང་བའི་སྣང་བརྙན་ནི། མང་མོས་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་བསྟན་པ་རེད། མཇུག་བསྡུའི་གསུང་བཤད་སྐབས། ཟམ་གདོང་རིན་པོ་ཆེས་རྒྱལ་ཁའི་དྲིལ་བུ་བསྒྲགས་ཏེ། བོད་མི་བརྒྱ་ཆ་༩༠ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་གསལ་པོ་ཡིན་ཞེས་གསུངས། (ཨུ་རུ་སུས་དབང་བསྒྱུས་བྱས་པའི་ཡོ་ཁེ་རན་གྱི་མངའ་སྡེ་ཁག་ལ་པུ་ཏན་གྱིས་མང་མོས་འོས་བསྡུ་རྫུན་མ་ལའང་བརྒྱ་ཆ༨༧ལས་བྱུང་མེད)

གཞན་ཡང་ཟམ་གདོང་རིན་པོ་ཆེས་འུད་ཤོབ་ཆེན་པོས་བཤད་པ་ཞིག་ལ། བོད་ནང་ལའང་གསང་བའི་སྒོ་ནས་(བོད་མི་རྣམས་ཀྱི་བསལ་ཚུལ་བསྡུ་ལེན་བྱེད་པར)ཁ་པར་གཏོན་ལེན་བྱས་ཡོད་ཚུལ་བཤད། དེ་ནི་སྐྱག་རྫུན་ཡིན་ཏེ་ང་ཚོ་ཚང་མས་དྲན་གསལ་ལ། སྤྱི་ལོ་༢༠༠༨ལོ་ངོ་རྒོལ་སྐད་འབོད་བྱུང་ནས་བོད་ལ་དམ་དྲག་ཤུགས་ཆེར་བྱུང་བས། སྔར་བོད་ནང་གི་བོད་མི་དང་འབྲེལ་ལམ་ཅུང་ཙམ་ཡོད་པ་དེའང་རྦད་དེ་ཆད་པ་རེད། 

སྤེལ་བཞིན་པའི་རང་དབང་འཐབ་རྩོད་ནུས་མེད་དུ་བཏང་བ། 

བོད་རང་བཙན་རྩོད་མིན་ལ་༸གོང་ས་མཆོག་གིས་མང་མོས་འོས་བསྡུ་ཐེངས་གཉིས་གནང་རྩིས་མཛད་པ་དེ་མགོ་རྟིང་བསློགས་ཡོད་ཀྱང་། བོད་མི་ཚོས་བོད་རང་དབང་གི་ཆེད་དུ་འཚེ་མེད་བཞི་བའི་ལས་འགུལ་མུ་མཐུད་སྤེལ་བ་རེད། བོད་ནང་སྤྱི་ལོ་༡༩༨༧ལོ་དང་། ༡༩༨༩། ༢༠༠༨ལོ་བཅས་ལ་མི་དམངས་ཀྱིས་ངོ་རྒོལ་བྱས་པར་བརྟེན་ཆ་ཚང་སེམས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། 

དེ་ནས་ཟམ་གདོང་རིན་པོ་ཆེས་ཧུར་བརྩོན་ཆེན་པོས་བོད་རང་དབང་གི་ལས་འགུལ་ནང་བོད་མི་རྣམས་མཉམ་ཞུགས་བྱེད་པར་འགོག་རྐྱེན་བཟོ་འགོ་བརྩམས་པ་རེད། བཙན་བྱོལ་བོད་མིས་རྒྱ་ནག་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་ལ་ཕོག་ཐུག་བཏང་རབས་དང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མི་སྦྱིན་པའི་བར་ཆད་བཟོས་ཡོད་ཚུལ་བཤད། སྤྱི་ལོ་༢༠༠༡ནས་༢༠༡༡བར་ཟམ་གདོང་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་ལས་འགན་བཞེས་སྐབས། བོད་གཞུང་གི་ལས་སྣེ་བ་སུ་ཡང་བོད་རང་དབང་ལས་འགུལ་སྐད་འབོད་དང་། གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་བྱེད་མི་ཆོག་པ་བཟོས་པ་རེད། 

སྤྱི་ལོ་༢༠༡༡ལོའི་ཟླ་བ་༣པའི་ནང་༸གོང་ས་མཆོག་བོད་མིའི་དབུ་ཁྲིད་ཀྱི་ལས་འགན་ལས་དགོངས་པ་ཞུས་པ་དང་། སྲོལ་རྒྱུན་ཐོག་བོད་གཞུང་གི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་པ་དེ་དེ་ནས་བཟུང་༸གོང་ས་མཆོག་སྐུ་སྒེར་གྱི་ཡིག་ཚང་གི་མིང་ལ་བཀོལ་བ་རེད། ལོ་དེར་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་ལོ་དུས་རྫོགས་པ་དང་། སྐུ་སྒེར་ཡིག་ཚང་གི་འགན་འཛིན་གྱི་གོ་ས་བཟུང་བ་རེད། སྐབས་འདི་ནས་ཡིག་ཚང་འདི་ཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགྲོ་ཕྱོགས་ལ་ཁ་ལོ་སྒྱུར་བྱེད་དང་། རྩ་ཁྲིམས་ཀྱི་རྒྱ་ནང་ལ་མ་ཚུད་པའི་དབང་ཤུགས་ཤིག་ཏུ་གྱུར་པ་རེད། དཔེར་ན། བླ་་ཆེན་ཁྲོམ་ཐོག་སྤྲུལ་སྐུ་ཨ་རིར་ཡོད་པའིི་བོད་མི་རྣམས་ལ་གཟིགས་སྐོར་ཕེབས་སྐབས། ཁོང་མི་དམངས་ཚོགས་བཅར་བ་རྣམས་ལ་གོང་ས་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས(ཆུ་གླང་རྩ་ཚིག)བྱས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ལ་མཉམ་ཞུགས་མ་བྱེད་ཅེས་སྐུལ་མ་གཏོང་དུ་བཏང་ཡོད།

གསར་དུ་རྙེད་ཅིང་རྩ་ཁྲིམས་དང་མི་མཐུན་པའི་དབང་ཚད་བེད་སྤྱད་ནས། ཟམ་གདོང་རིན་པོ་ཆེས་བདེ་བླག་ངང་རང་བཙན་ཚོགས་པ་ཁག་ནང་ཁུལ་མི་མཐུན་པ་བཟོས་ཡོད། སྤྱི་ལོ་༢༠༡༣ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་ལྔ་དབུས་གཞོན་ནུ་ལྷན་ཚོགས་དང་བཙན་གྱིས་ཁ་འཐོར་བཏང་བ་དང་། སྤྱི་ལོ་༢༠༡༢ལོར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་མཉམ་ལས་བྱེད་འདོད་ཡོད་སྐོར་བརྗོད་རྗེས། གཞོན་ནུ་ལྷན་ཚོགས་ཀྱི་ལོ་དེའི་ལོ་རེའི་ཚོགས་འདུ་འཚོགས་སྐབས་ཟམ་གདོང་རིན་པོ་ཆེས། གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི་རྣམས་འབྱུང་འགྱུར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་འབྲེལ་བ་གཏན་ནས་མི་བྱེད་པའི་གྲོས་དོན་འཇོག་ཏུ་བཅུག་ཡོད། 

སྔར་བཙན་བྱོལ་ནང་ཆབ་སྲིད་ཀྱི་ཚོགས་པ་ཕལ་ཆེ་བས་ཐུན་མོང་གི་དམིགས་ཡུལ་གཅིག་བཟུང་ནས་མཉམ་ལས་བྱེད་སྲོལ་ཡོད་ཀྱང་། དེ་ནི་ད་ལྟར་མེད་པ་གྱུར་ཟིན། 

(ཨེ་ཤེ་ཡ་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད།)

ཨེ་ཤེ་ཡ་བོད་སྐད་སྡེ་ཚན་ནི་བོད་དོན་ལས་འགུལ་སྐོར་དང་། ལྷག་ཏུ་སྤྱི་ལོ་༢༠༠༨ལོར་བོད་ནང་ངོ་རྒོལ་བྱས་སྐབས་ཁྱབ་བསྒྲགས་བྱེད་མཁན་གཙོ་བོ་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་གསར་ཁང་མང་ཆེ་བས་བོད་དོན་གནས་ཚུལ་སྤེལ་སྐབས་ཨེ་ཤེ་ཡ་བོད་སྐད་སྡེ་ཚན་ཁོངས་སུ་བཅོལ་ཡོད། ཟམ་གདོང་གི་ཞབས་ཕྱི་སྐལ་ལྡན་བློ་གྲོས་ཟེར་བ་ཞིག་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལི་པི་ལིའུ་(Libby Liu)གཉིས་ཀྱིས། ཨེ་ཤེ་ཡ་བོད་སྐད་སྡེ་ཚན་གི་འགན་འཛིན་འཇོན་ནུས་ཅན་ང་ཕོད་འཇིགས་མེད་ཕྱིར་ཕུད་གཏོང་བའི་ཇུས་ངན་བཤམས་ཏེ། ལམ་ལྷོང་ཀྱང་བྱུང་བ་རེད། ཟམ་གདོང་རིན་པོ་ཆེ་ང་ཕོད་འཇིགས་མེད་ལ་སྡང་སེམས་བཅངས་བར་མ་ཟད། བོད་སྐད་སྡེ་ཚན་ལ་སྐྱོན་འཛུགས་དྲག་པོ་བྱས་ཡོད་ལ། བཀའ་ཤག་གི་བཀའ་བློན་དང་། ལས་བྱེད་རྒན་པ་རྣམས་ཨེ་ཤེ་ཡ་བོད་སྐད་སྡེ་ཚན་ལ་བཅར་འདྲི་བྱེད་མི་ཆོག་པ་དང་། དེ་མིན་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་ཕབ་ཡོད།

སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ནང་ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས། ནེའུ་ཡོག་ཏུ་གསུམ་བཅུའི་དུས་དྲན་གོ་སྒྲིག་གི་ལས་འགན་བླངས་ནས། རྒྱ་ནག་ལ་ཕོག་ཐུག་འགྲོ་བའི་འབོད་ཚིག་དཔེར་ན་བོད་ལ་རང་དབང་སྤྲོད་དགོས་”(Free Tibet)ཞེས་པ་དང་།རྒྱ་ནག་བོད་ནས་ཕྱིར་རྒྱུགས་ཤིག།”(China out of Tibet) “བོད་ཡུལ་བོད་མིར་དབང་།”(Tibet belongs to Tibetans)ཟེར་བ་ལྟ་བུའི་འབོད་ཚིག་ཐམས་ཅད་བཀག་སྡོམ་བྱས་པ་རེད། རང་དབང་རྩོད་མཁན་གྱི་བོད་མི་སྐད་འབོད་རྒྱག་མཁན་རྣམས་དུས་དྲན་བྱེད་མི་དགོས་ལོག་རྒྱུག་ཅེས་བཀའ་བཏང་རུང་ཁོང་ཚོས་ལོག་རོགས་མ་བྱས་སྟབས། ཟམ་གདོང་རིན་པོ་ཆེའི་རྗེས་འཇུག་པ་ཚོས་ནེའུ་ཡོག་གི་ཉེན་རྟོག་པར་ཁོང་ཚོ་གཞན་ལ་འཁྲིད་རོགས་ཞེས་བཤད་སྐབས། ཉེན་རྟོག་པས་ཁོང་ཚོས་ཨ་རིའི་རྩ་ཁྲིམས་ཀྱི་དོན་ཚན་དང་པོ་སྨྲ་བརྗོད་རང་དབང་ལོངས་སྤྱོད་བྱེད་བཞིན་པས། འཛིན་བཟུང་བྱེད་མི་རུང་ཞེས་བརྗོད། (དེའི་སྐོར་ངོ་དེབ་ཀྱི་བརྙན་ལ་གཟིགས) ཐ་ན་ནུབ་ཕྱོགས་པ་བོད་དོན་རྒྱབ་སྐྱོར་བྱེད་མཁན་རྣམས་ལའང་རིན་པོ་ཆེའི་རྗེས་འཇུག་པ་ཚོས་འཇིགས་སྐུལ་བྱས་པ་ཡོད། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་“Free Tibet”ཞེས་པའི་འབོད་ཚིག་འཁྱེར་མཁན་བུ་མོ་ཞིག་ལ་ཚིག་ངན་དང་འཇིགས་སྐུལ་འདི་ལྟར་བཏང་ཡོད་དེ།ཁྱོད་རང་མྱང་རྒྱུ་བསྡད་ཡོད། བོད་རང་དབང་སློབ་ཕྲུག་ཚོགས་པ་མྱང་རྒྱུ་བསྡད་ཡོད། ཁྱོད་རང་གི་ནང་མི་མྱང་རྒྱུ་བསྡད་ཡོད།ཅེས་འཇིགས་སྐུལ་བྱས་འདུག ། (ངོ་དེབ་ཀྱི་བརྙན་ལ་གཟིགས)

སྤྱི་ལོ་༢༠༡༢ཟླ་བ་༦པའི་ནང་རྡ་རམ་ས་ལར་བོད་རང་བཙན་གྱི་བརྗོད་གཞིའི་ཐོག་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་འདུ་གཅིག་གི་གཙོ་འགན་བཞེས་མྱོང་མཁན་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་རྦད་དེ་བརླགས་ཟིན་པའི་ཚོགས་ཟུར་ཀརྨ་ཆོས་འཕེལ་ལགས་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་དེད་གཤར་རྒྱུན་ཆད་མེད་པར་བཏང་ནས། གནོད་འཚེ་ཡང་ཡང་བཏང་བ་མ་ཟད། ཐ་ན་ཁོང་སྤྱི་ལོ་༢༠༡༦ལོར་ཡིད་སྐྱོ་བའི་ངང་སྐུ་གཤེགས་པའི་བར་དུ་ཁོང་ཚོས་སུན་པོ་བཟོས་ཡོད་ཀྱང་སྲིད། གང་ལྟར་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་ཡིད་ཆེས་མེད་ཅིང་། ཞེད་སྣང་ཆེ་བ། འགལ་ཟླ་དང་ཤོག་ཁག་ཅན་གྱི་ཁོར་ཡུག་ཅིག་བསྐྲུན་ཡོད། རང་བཙན་སྐོར་གླེང་བའམ། ཡང་ན་རང་བཙན་རྩོད་ལེན་བྱེད་མཁན་གྱི་མི་སྒེར་དང་། ཚོགས་པ་གང་རུང་ལ་འབྲེལ་བ་ཡོད་ཚེ། དེས་རྐྱེན་པས་ཁྱོད་ལ་༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་སོང་ཞེས་ཞྭ་མོ་གཡོགས་ཏེ། བོད་པའི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་གི་ཡོད། 

(སྤྱི་ལོ་༢༠༡༢ལོའི་ཟླ་བ་༦པའི་ནང་བོད་རྒྱལ་རང་བཙན་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། Free Tibetབྲིས་ཡོད་པའི་ཁུག་མ་འཛིན་མཁན་ནི་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས།)

རྡ་རམ་ས་ལ་དང་། བོད་མིའི་གཞིས་ཆགས་ཁག་གཞན་དང་། སློབ་གྲྭ། དགོན་སྡེ་ཁག་བཅས་སྔར་སྲོལ་གསུམ་བཅུའི་དུས་དྲན་གྱི་སྲུང་བརྩི་ལ་མཉམ་ཞུགས་རྒྱུན་དུ་བྱེད་སྲོལ་ཡོད་ཀྱང་། ད་ནི་དེ་དག་གཞུང་འབྲེལ་ཐོག་སྲུང་བརྩི་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་བཏང་ཡོད། ཐ་ན་སློབ་གྲྭ་ཁག་ལ་བོད་ཀྱི་ལོ་རྒྱུས་འཁྲིད་མཚམས་ཀྱང་བཞག་ཡོད།

ཟམ་གདོང་རིན་པོ་ཆེ་གསུམ་བཅུའི་དུས་དྲན་སྲུང་བརྩི་ལ་ནམ་ཡང་མཉམ་ཞུགས་བྱས་མྱོང་མེད་ལ། བོད་ཀྱི་རང་དབང་ཆེད་མི་དམངས་འདུ་འཛོམས་བྱེད་སར་མཉམ་ཞུགས་བྱེད་རྒྱུ་ཕར་ཞོག ། ཐ་ན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་སར་མཉམ་ཞུགས་བྱས་པ་ཙམ་ཡང་མཐོང་རྒྱུ་མེད། འོན་ཀྱང་སྤྱི་ལོ་༢༠༠༦ལོའི་སུ་སིའི་གློག་བརྙན་ལས་ཚན་ཞིག་གི་ནང་། ཟམ་གདོང་རིན་པོ་ཆེ་རྒྱ་གར་གྱི་ཁོར་ཡུག་ལས་འགུལ་པ་ཤཱི་ཝ་དང་ལྷན་དུ་གོམ་བགྲོད་ཁྲོམ་སྐོར་གྱི་སྣེ་ཁྲིད་བྱེད་བཞིན། SYNGENTཟེར་བ་འཛམ་གླིང་ཐོག་སོ་ནམ་ཚོང་ལས་གཉེར་བཞིན་པའི་ཀུང་སི་ཞིག་ལ་ངོ་རྒོལ་བྱེད་བཞིན་པ་མཐོང་རྒྱུ་འདུག །

སྔར་མའོ་ཙེ་ཏུང་ལ་ཡིད་མོས་སྐྱེས་ནས་བྱུང་བའི་ཟམ་གདོང་རིན་པོ་ཆེའི་ཆབ་སྲིད་ཀྱི་ལྟ་བ་ད་ནི་དུས་རབས་གསར་པའི་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་དང་བསྟུན་ནས། ཁེ་བཟང་ཆེ་བའི་ཁ་ཕྱོགས་ཤིག་ལ་བསྐྱོད་བཞིན་པར་སྣང་། ཁོའི་དེབ་ཆུང་<<Tibet: A Future Vision>>ཞེས་པ་དྲྭ་ཐོག་གི་པར་གཞི་གསར་ཤོས་དེའི་ནང་སངས་རྒྱས་ཆོས་ལུགས་ཀྱི་ཁུངས་དང་ལུང་། ཚིག་སོགས་དེབ་གཟུགས་པར་གཞི་རྙིང་པ་ལས་ཧ་ཅང་གིས་མང་བར་ལྡན་ལ། གཞན་ཡང་ཟམ་གདོང་རིན་པོ་ཆེའི་ཆོས་སྲིད་ཀྱི་ཁ་ཕྱོགས་གང་ལ་འགྲོ་བཞིན་ཡོད་མེད་ནེའུ་ཡོག་དུས་བབ་གསར་ཁང་གི་བཅར་འདྲི་རིང་པོ་ཞིག་གི་ནང་ཧ་ཅང་གསལ་པོ་ཆགས་ཡོད། དེར་ཁོས་ཆབ་སྲིད་ཐོག་རྒྱ་ནག་དང་ཐ་དད་བྱེད་རྒྱུ་དེ་གལ་ཆེན་པོ་མ་རེད། རྒྱ་ནག་ང་ཚོའི་དགྲ་བོ་མ་རེད། རྒྱ་ནག་ནི་མི་རིགས་ཤིག་རེད། མི་རིགས་དེ་ལ་ཆོས་ཕྱོགས་ནས་ང་ཚོའི་མཉམ་ལས་དང་ལམ་སྟོན་མཁོ་བ་རེད།ཅེས་བཤད་ཡོད། 

ཟམ་གདོང་རིན་པོ་ཆེའི་གླེང་སྒྲོས་ལྟར་ན། བོད་ཀྱི་ཆབ་སྲིད་བདག་དབང་མགོ་བཏགས་ཞུས་ཚེ། བོད་ཀྱི་དཔོན་པོ་དང་། ཡང་ན་བླ་མ་རྣམས་ལ་རྒྱ་ནག་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་དཔེར་ན་དབུ་བླ་ལྟ་བུའི་ཁེ་བཟང་ཅུང་ཙམ་ཐོབ་སྲིད་ཅེས་པ་ཡིན་ནམ། དུས་རབས་གསར་པའི་ཆོས་པ་འགའི་ཁྲོད་དུ་ཀླད་སྟོང་གི་གྲོས་འཆར་གཅིག་མཚུངས་ཤིག་བཏོན་པ་ནི། བོད་མི་ཚོས་རང་བཙན་འཐབ་རྩོད་དོར་བ་ཡིན་ན། དེའི་ཚབ་ཏུ་རྒྱ་ནག་གིས་༸ཏཱ་ལའི་བླ་མ་རྒྱ་ནག་གི་ཆོས་དཔོན་ནམ་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱེད་དགོས་པར་གླེང་། འོན་ཀྱང་། ནེའུ་ཡོག་དུས་བབ་ཀྱིས་བཀོད་པའི་ཟམ་གདོང་གི་བཅར་འདྲིའི་ཐོག ། ༸གོང་ས་མཆོག་རྒྱ་ནག་གི་ཆོས་ཕྱོགས་ཀྱི་ལམ་སྟོན་པ་གནང་རེའི་སྐོར་ཚིག་གཅིག་ཀྱང་འཁོད་མེད། དེར་བརྟེན། ཚང་མས་འདྲི་སྲིད་པའི་དྲི་བ་ཞིག་ཡོད་པ་ནི། གོ་ས་དེའི་ཞབས་སྟེགས་འཛིན་མཁན་ཟམ་གདོང་རིན་པོ་ཆེས་ཁོ་རང་ཉིད་གཟིགས་ཀྱི་ཡོད་དམ་ཞེས་པ་དེ་རེད། 

རྒྱལ་བ་རིན་པོ་ཆེ་དང་བསྡུར་ན། ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཧ་ཅང་ཁ་མཁས་དང་བསྟུན་མཁས་བྱེད་མཁན་ཞིག་རེད། དཔེར་ན། ༸གོང་ས་མཆོག་གིས་བོད་རྒྱ་ནག་གི་འོག་ལ་གནས་ཀྱང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་ཞེས་པ་ལས། བོད་མི་རང་བཙན་འཐབ་རྩོད་པ་དང་། རང་དབང་འཐབ་རྩོད་པ་རྣམས་ལ་ནམ་ཡང་སྐྱོན་བརྗོད་མཛད་མྱོང་མེད། ཟམ་གདོང་རིན་པོ་ཆེས་སྤྱི་ལོ་༢༠༡༠ལོར་ནེའུ་ཡོག་ཏུ་མི་དམངས་ལ་གཏམ་བཤད་སྤེལ་བའི་ནང་། བོད་མི་རང་བཙན་འཐབ་རྩོད་པ་རྣམས་རྒྱ་མི་གུང་ཁྲན་ཏང་ལས་ཉེན་ཁ་ཆེ་བ་ཡོད་ཅེས། བོད་མིའི་སྤྱི་ཚོགས་བྱིངས་དང་རང་བཙན་རྩོད་མཁན་གཉིས་ཀྱི་བར་དུ་འགལ་ཟླ་སློང་བའི་ཐབས་ཤེས་ཐེན་སོང་།

སྤྱི་ལོ་༡༩༥༩ལོར་ཟམ་གདོང་རིན་པོ་ཆེ་མེའུ་སཱ་མཱ་རིའི་གཞིར་སྒར་[Missamari DP Camp]འབྱོར་བཞིན་པའི་རྣམ་པ། ཆུ་བཞི་སྒང་དྲུག་དམག་མིས་རྩེ་ཐང་དང་སྣེ་གདོང་ལ་སྒར་བཏབ་པའི་རྒྱ་དམག་བསྐོར་རྡུང་བྱས་རྗེས། སྐྱབས་བཅོལ་བ་ཕལ་མོ་ཆེ་ནང་བཞིན་རིན་པོ་ཆེའང་ལྷོ་ཁ་བརྒྱུད་ནས་བདེ་འཇགས་ཅུང་ཡོད་པའི་ལམ་བླངས་ཏེ་སླེབས་པ་རེད།)

དེ་ལས་ཀྱང་ཐལ་ཆ་ཆེ་བ་ཞིག་ལ། ཟམ་གདོང་རིན་པོ་ཆེས་གོ་མཚོན་ལག་ཏུ་ཐོགས་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་མཁན་གྱི་བོད་མི་རྣམས་ལ་སྐྱོན་འཛུགས་བྱས་པ་མ་ཟད། བོད་ནང་རྒྱ་ནག་གིས་མནར་གཅོད་དང་གཏོར་བཅོམ་གང་བཏང་བ་དེའི་ངན་ཁག་ཁོ་ཚོ་ལ་བཀལ་ཡོད། ཁོང་གིས་རྒྱ་ནག་གིས་ང་ཚོ་ལ་འཐབ་རྒོལ་བྱས་སྐབས། ང་ཚོ་ཡང་འཚེ་བ་མེད་པ་མིན། སྤྱིར་བཏང་ང་ཚོའི་རྒྱལ་ཁབ་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་རུང་། ང་ཚོའི་མི་དམངས་ངོས་ནས་ཧ་ཅང་འཚེ་བ་ཆེན་པོས་ཕར་བརྒོལ་བྱས་ཡོད། དེས་ང་ཚོ་བོད་མི་ལ་ཕན་ཐོགས་གང་ཡང་བྱུང་མེད། འོན་ཀྱང་། རྒྱ་ནག་གིས་བོད་མི་བཙན་གནོན་དྲག་པོ་བྱེད་པའི་རོགས་སུ་གྱུར་ཡོད།ཅེས་བརྗོད་ཡོད།

འདི་ནི་ཨུ་རུ་སུས་མེ་ཤུགས་འཕུར་མདའ་དང་། ཁ་ལོ་བ་མེད་པའི་གོ་ཚོན་གནམ་གྲུ་ཆད་མེད་བཏང་བས། དཔའ་ངར་ལྡན་པའི་ཡུ་ཁེ་རན་གྱི་མི་དམངས་རྣམས་ཉིན་ལྟར་རྐྱེན་ལམ་དུ་སོང་དང་འགྲོ་བཞིན་པ། གཏོར་བཅོམ་བཏང་བ་དེ་དག་ཁོ་ཚོས་དང་པོ་ནས་ཕུ་ཏན་ལ་ཞི་བའི་སྒོ་ནས་མགོ་བཏགས་མ་ཞུས་པའི་ལན་པ་རེད་ཟེར་བ་དང་གཅིག་མཚུགས་ཆགས་ཡོད།

རྒྱལ་བ་རིན་པོ་ཆེ་དང་མི་འདྲ་བར། ཟམ་གདོང་རིན་པོ་ཆེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ངོ་དགའ་སྤྲེལ་ལད་ཚ་བའི་གཏམ་བཤད་སྤེལ་རྒྱུར་ཐེ་ཚོམ་རྣམ་རྟོག་གང་ཡང་མེད། སྤྱི་ལོ་༢༠༠༧ལོར་ཟམ་གདོང་རིན་པོ་ཆེས་སྦུ་རུ་སེ་ལ་སྤེལ་བའི་གཏམ་བཤད་ནང་།རྒྱ་ནག་མི་མདངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་ཆེ་ཤོས་ཧན་མི་རིགས་ཐེ་བའི་མི་རིགས་གཞན་ལྟར་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ལར་ཞེན་ཆེན་པོ་ཡོད།ཅེས་བཤད་ཡོད། ད་དུང་ངས་དྲན་སོས་པ་ཞིག་ལ། མཚོ་བོད་ལྕགས་ལམ་(རྒྱ་རིགས་གནས་སྤོ་བ་བོད་ལ་ནང་འདྲེན་དང་བོད་ཀྱི་གཏེར་རྫས་ཕྱིར་འདྲེན་བྱེད་པའི་མགྱོགས་ལམ)ནི་བོད་ལ་དཔལ་འབྱོར་གྱི་དགེ་ཕན་ཆེན་པོ་ཡོད་ཅེས་སྤྲོ་སེམས་འཁོལ་པོས་བཤད་སོང་།

ཟམ་གདོང་རིན་པོ་ཆེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲེལ་ལད་ཚ་བའི་གུས་ཞེན་གཏམ་བཤད་འདི་དང་དེ་ཞེས་བརྗོད་ཀྱིས་མི་ལང་བ་མཆིས་ལ། གཏམ་བཤད་དེ་རིགས་ཞེན་པ་ལོག་པ་དང་སྐྱུག་བྲོ་དགོས་པ་ཅི་ཙམ་ཡོད་རུང་། དེ་ཁོ་ནས་ཟམ་གདོང་རིན་པོ་ཆེ་རྒྱ་ནག་གི་ལྐོག་ཇུས་ནང་ངན་པ་ལག་སྦྲེལ་བྱས་ཡོད་ཅེས་པའི་དཔང་རྟགས་སུ་མི་འགྲོ། 

འོན་ཀྱང་། སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༢ནང་རྒྱ་གར་གྱི་གསར་འགྱུར་དང་ཐ་ན་སློབ་ཆེན་གྱི་ཁོར་ཡུག་ནང་དུ་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཕེབས་སོ་ཞེས་པའི་གསར་འགྱུར་གང་སར་ཁྱབ། རྒྱ་གར་ཕྱི་འབྲེལ་གསང་བའི་ལས་ཁུངས་ཀྱི་གསང་བའི་མི་སྣ་ཟུར་པ་Jayadeva Ranadeཡིས་བྲིས་ཤིང་Rediff.comདྲྭ་ཚིགས་ལ་བཀོད་པའི་རྩོམ་ནང་། ཡུན་ནན་ཞིང་ཆེན་གྱི་རྒྱལ་ས་ཁུན་མིང་གྲོང་ཁྱེར་ལ་ཟམ་གདོང་རིན་པོ་ཆེ་ཉིན་བཞི་བཞུགས་ཡོད་ཚུལ་བཀོད་འདུག ། ལས་སྣེ་བ་ཁོང་གིས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཤི་ཅིང་ཕེང་གིས་བསྐོ་བཞག་བྱས་པའི་འཐབ་ཕྱོགས་གཅིག་གྱུར་པུའི་འགན་འཛིན་ཡོ་ཆེན་(You Quan)དང་ཟམ་གདོང་རིན་པོ་ཆེ་ཐུག་འཕྲད་བྱས་ཡོད་པར་བརྗོད། འཐབ་ཕྱོགས་གཅིག་གྱུར་ཁང་ནི་ཕྱི་སྡོད་རྒྱ་རིགས་མཁས་པ་དང་ཤེས་ཡོན་སྡེ་ཁག །བཙན་གྱོལ་བོད་མི་ལ་སོགས་པའི་གནས་ཚུལ་བསྡུ་རུབ་བྱས་ནས། ཤུགས་རྐྱེན་སྐྲུན་མཁན་གྱི་ལས་ཁུངས་དེ་ཡིན། གཞན་ཡང་རྒྱ་གར་གྱི་གཞུང་ཚབ་ཟུར་པ་ཞིག་གིས་སྤྱི་ཟླ་༡༢ཚེས་༤ཉིན་The Wireགསར་ཁང་དྲྭ་བའི་ཐོག་སྤེལ་བའི་གནས་ཚུལ་ནང་། སློབ་དཔོན་ཟམ་གདོན་རིན་པོ་ཆེས་རྒྱ་ནག་ཁུན་མིང་ལ་གསང་བའི་སྒོ་ནས་ཕྱིན་ཡོད་པ་དང་། བཙན་བྱོལ་བོད་མིའི་གནད་དོན་ལྟ་མཁན་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཡོ་ཆེན་དང་ཐུག་འཕྲད་བྱས། ཞེས་གསལ་ཡོད། 

གཟའ་འཁོར་ཁ་ཤས་ཀྱི་རྗེས་ལ་ཟམ་གདོང་རིན་པོ་ཆེས་རྒྱ་ནག་ལ་ཕྱིན་མེད་ཅེས་གསལ་བསྒྲགས་བྱས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེས་དེའི་སྔོན་ལྡི་ལིར་གནང་བའི་གཏམ་བཤད་སྐབས་དེའི་སྐོར་དྲི་བ་བཀོད་པའི་ལན་དུ། བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེའི་སྐུ་བཅར་ལས་རོགས་(དེ་ནི་ཟམ་གདོང་རིན་པོ་ཆེ་རེད)ཤིག་རྒྱ་ནག་ལ་དངོས་སུ་ཕེབས་ཡོད་ཅེས་བཤད། དེ་ནས་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ལྡི་ལི་རུ་འབུམ་རམས་པ་བློ་བཟང་སེང་གེས་དེ་ནི་གཙོ་བོ་སྒེར་གྱི་སྐོར་བསྐྱོད་ཅིག་ལས་གཞན་ཅི་ཡང་མིན་ཚུལ་བཤད་ཡོད། (རིན་པོ་ཆེའི་འཁྲུངས་ཡུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ལ་ཡོད་པའི་རྒྱལ་ཐང་རྫོང་གི་འཇོལ་ཟེར་བ་དེ་རེད།)

ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཕེབས་པའི་དམིགས་ཡུལ་ནི་བོད་རྒྱ་གྲོས་མོལ་གྱི་རྨང་གཞི་འདིང་ཆེད་རེད་ཅེས། གསར་འགྱུར་ཚན་ཁག་ཚང་མས་ཚོད་དཔག་བྱས་ཀྱང་། རྒྱ་བོད་གནད་དོན་ཐད་གནས་ཚུལ་ཟུར་ཙམ་ལས་མི་ཤེས་མཁན་ཞིག་ཡིན་ཀྱང་རུང་། དེ་ནི་དངོས་དོན་མིན་པ་ལམ་སེང་ཤེས་ངེས། པེ་ཅིང་སྲིད་གཞུང་གིས་ཕྱི་གསལ་ནང་གསལ་དང་། ཡང་ནས་བསྐྱར་དུ། ཐེ་ཚོམ་མེད་པའི་ཐོག་ནས་བོད་དོན་ཐད་དེ་ལྟ་བུའི་མཇུག་འབྲས་ཐོན་རྒྱུ་མེད་པ་བརྗོད་ཟིན་ལ། སྔར་ཧོང་ཁུང་དང་ཐེ་ཝན་ལ་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དམ་དུ་བཏང་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་འདི་ནི་རྡ་རམ་ས་ལའི་སྲིད་གཞུང་གིས་རེ་བ་བྱ་ས་ཞིག་ཡིན་ཀྱང་། ངོ་གནོང་དགོས་པ་ཞིག་ལ་དེའི་ནང་དུ་ཚུད་མེད།

དེང་སྐབས་ཧོང་ཁུང་དམངས་གཙོའི་ལས་འགུལ་རྩ་མེད་བཟོས་ཟིན་པ་དང་། ཐེ་ཝན་ལ་བཅིངས་འགྲོལ་དམག་གིས་དངོས་སུ་བཙན་འཛུལ་བྱེད་སྲིད་པའི་སྐབས་འདིར། རྒྱ་ནག་གིས་ཟམ་གདོང་རིན་པོ་ཆེ་ལྟ་བུ་བོད་གཞུང་གི་མི་སྣ་རྒན་གྲས་ཤིག་ཐུག་འཕྲད་བྱེད་པའི་དམིགས་ཡུལ་གཅིག་ཁོ་ན་ཡོད་སྲིད་པ་ནི། བཙན་བྱོལ་བོད་མི་དང་༸གོང་ས་མཆོག་གི་ཡང་སྲིད་ལ་སོགས་པ་བོད་དོན་དང་འབྲེལ་བའི་ལས་འཕྲོ་ཐམས་ཅད་གཙང་སེལ་བྱེད་པའི་ཐོག་སྐད་ཆ་གླེང་ཆེད་རེད་སྙམ། དེ་ཙམ་དུ་མ་ཟད། བཙན་བྱོལ་གྱི་དཔོན་པོ་རྒན་གྲས་ཁོང་ཅོ་གྲོས་མོལ་གྲོས་ཀྱི་གླེང་མོལ་འདི་ལྟར་བྱས་པ་ནི། གྲོས་མོལ་བྱེད་མཁན་(Negotiator)ཞིག་མིན་པར་ཤུགས་རྐྱེན་སྐྲུན་མཁན་གྱི་མི་སྣ་(Agent of influence)ཞིག་སྟེ། དེ་ལ་མ་འོངས་༸ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ལམ་སྟོན་ཞུ་བ་དང་། པེ་ཅིང་གི་འདོད་མོས་ལྟར་༸ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཀྱང་བྱེད་སྲིད། 

(རྒྱ་ནག་བདེ་སྲུང་ལྷན་ཁང་གི་མྱུལ་མ་ཀོ་ཝིན་ཀི་དང་༸གོང་ས་མཆོག་ལྷན་དུ་སྒྲོན་པའི་པར་རིས།)

དེ་དང་དོ་མཚུངས་ལ་ཡིན་ཀྱང་སྲིད་པའི་གནད་དོན་གཞན་ཞིག་ལ། ཟམ་གདོང་རིན་པོ་ཆེས་རྒྱ་ནག་བདེ་སྲུང་ལྷན་ཁང་འོག་ཏུ་ལས་ཀ་བྱེད་བཞིན་པའི་ཚོང་པའམ། གསང་ཉུལ་པ་ཞིག་མི་དམངས་ཕལ་བ་ཡིན་ཚུལ་བྱས་ནས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་བའི་བཀའ་འཁྲོལ་ཡང་སྤྲད་ཡོད་ཚོད་འདུག ། ཉེ་ཆར་The New Yorkerདུས་དེབ་ནང་ཐོན་པའི་རྩོམ་ཞིག་གི་ནང་དུ། རྒྱ་ནག་གིས་ཁ་བྲལ་བ་ཞིག་ལ་ངོས་འཛིན་པའི་༸ཏཱ་ལའི་བླ་མ་ཐུག་འཕྲད་ཆེད་མྱུལ་མ་ཀོ་ཝེན་ཀི་ཡིས་འགྲུལ་བཞུད་ཐེངས་མང་བྱས་ཡོད་པ་གསལ། ཀོ་ཝེན་ཀི་ཡིས་བརྗོད་པ་ལྟར་ན། ཁོས་ཕན་ཚུན་བར་བརྡ་ལན་སྤྲོད་རེས་བྱས་པ་དང་པེ་ཅིང་གིས་ཁོ་ལ་ཞབས་ཞུའི་རིན་པ་བྱ་དགའང་སྤྲད་སོང་ཟེར། དེའི་རྗེས་སུ་དྲྭ་ཐོག་རྒྱ་ཡིག་གི་དུས་དེབ་ནང་སྤེལ་བའི་བཅར་འདྲི་ཞིག་གི་ནང་ཀོ་ཝེན་ཀིས་པེ་ཅིང་ལས་བྱེད་མི་སྣས་ཏཱ་ལའི་བླ་གསོད་ཤོག་ཅེས་སྐུལ་མ་བཏང་སོང་། ཞེས་ཁས་ལེན་བྱས་ཡོད། 

མཐའ་མཇུག་འདིར་གསལ་འདེབས་བྱེད་དགོས་པ་ཞིག་ལ། ཟམ་གདོང་རིན་པོ་ཆེའི་མི་གཅིག་དབང་འཛིན་རིང་ལུགས་ཀྱི་དམིགས་ཡུལ་དང་ཡོངས་སུ་མཐུན་པ་ཞིག་ནི། ཁོའི་གཡས་གཡོན་ལ་རང་ཉིད་མི་སྒེར་ལ་དད་མོས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་ལ། ཁོའི་དབུ་མའི་ལམ་ཆབ་སྲིད་ཚོགས་པའི་ཡན་ལག་ཁང་མང་པོ་ཞིག་ལ་རང་ཉིད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འཁྲུང་སྐར་སྲུང་བརྩིའི་འགན་ཁུར་སྤྲད་ཡོད། ཟླ་བ་སྔོན་མ་ཟམ་གདོང་རིན་པོ་ཆེ་ལོ་གྱ་གསུམ་ཟིན་པ་དང་། ཁོའི་རྗེས་འབྲང་པ་ཚོས་སྤྱི་ཟླ་༡༡ཚེས་༥་ཉིན་སྐྱེ་སྐར་སྲུང་བརྩི་གཟབ་ཅིང་རྒྱས་པ་བྱས་སོང་མོད། འོན་ཀྱང་ནད་ཡམས་མ་སླེབས་པའི་སྔོན་དུ་ནེའུ་ཡོག་ཏུ་ཁེག་ཁི་(Cake)བཞི་བརྩེགས་བྱས་པ་ཞོགས་སུ་ཐེམ་རྐས་དང་མཐའ་རུ་གློག་འོད་ལྗང་གུས་སྐོར་བའི་སྐྱེ་སྐར་སྟོན་མོ་ལྟ་བུ་གྲ་རྒྱས་པོ་མེད་ཚོད་འདུག །

(སྤྱི་ལོ་༢༠༢༢ལོའི་ཟམ་གདོང་རིན་པོ་ཆེའི་སྐྱེ་སྐར་གྱི་ཁྱབ་བརྡའི་པར་རིས་དང་། སྤྱི་ལོ་༢༠༡༩སྐྱེ་སྐར་གྱི་སྤྲི་གོར།)

སྐྱེ་སྐར་གྱི་སྟོན་མོའི་སྐབས་སློབ་ཕྲུག་ཚོས་གཞས་ཞབས་བྲོ་འཁྲབ་པ་དང་གཏམ་བཤད་ཀྱང་སྤེལ་ཡོད། དེར་ཁོའི་མཚན་འབོད་སྐབས།མི་དབང་།དང་།མཁས་དབང་།” “མི་རྗེ།དང་།སྐྱབས་རྗེ།ཞེས་པ་སོགས་ཧུར་བརྩོན་ཆེན་པོས་ཡང་ཡང་བསྐྱོར་བཞིན་མཆིས། འདི་ལྟ་བུའི་ཆེ་བསྟོད་ཀྱི་མིང་བྱང་ཟམ་གདོང་རིན་པོ་ཆེའི་དྲྭ་རྒྱའི་ཐོག་ཏུའང་མཐོང་རྒྱུ་འདུག་སྟེ། དཔེར་ན། ཁོ་ལ་བདག་ཉིད་ཆེན་པོ་དང་།སློབ་དཔོན།ཞེས་པའི་མཚན་ནས་འབོད། གཞན་ཡང་རྗེས་འབྲང་བ་གང་མང་ཞིག་གིས་ཁོ་ལ་རྒྱལ་བ་ཡབ་སྲསཞེས་རྒྱལ་བ་རིན་པོ་ཆེ་དང་འདྲ་མཉམ་མམ་ཧ་ལམ་དོ་མཉམ་ཡིན་པའི་ཆེ་བསྟོད་བྱེད། ཡང་རྗེས་འབྲང་པ་གཞན་ཞིག་གིས་ཟམ་གདོང་རིན་པོ་ཆེ་ནི་དབུ་རྟེན་སའི་ཕྲག་པ”(the shoulder that lifts the head)ཞེས་ཁྲི་རྒྱབ་ཀྱི་དབང་ཆ་གཙོ་བོ་ཁོ་ལ་ཡོད་ཚུལ་བརྗོད་པར་སྣང་།

ཟམ་གདོང་རིན་པོ་ཆེས་རང་ཉིད་རྒྱལ་བ་རིན་པོ་ཆེ་དང་དོ་མཉམ་མམ་ཧ་ལམ་འདྲ་མཉམ་ཡིན་ཚུལ་བྱེད་བཞིན་པའི་རྣམ་འགྱུར་དང་། ཡུན་ནན་དུ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་དང་ཐུག་འཕྲད་བྱས་ཡོད་པའི་གསར་འགྱུར་བློ་འཚབ་སྐྱེ་དགོས་པ་བྱུང་ཞིང་། རྒྱ་ནག་བདེ་སྲུང་ལྷན་ཁང་གི་འོག་ལས་ཀ་བྱེད་བཞིན་པའི་མྱུལ་མ་ཞིག་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་བཏང་བ་དང་། ལྷན་དུ་པར་ལེན་གྱི་གོ་སྐབས་སྤྲད་པ་(པར་ལེན་སྐབས་རྒྱལ་བའི་སྐུ་ཕྱྭ་ལ་ཉེན་ཁ་ཆེན་པོ་ཡོད་པ་མྱུལ་མས་ཀྱང་ཁས་ལེན་བྱས་ཡོད)བཅས་ལ་བལྟས་ན། བོད་མི་རྣམས་ད་ལྟའི་གནས་སྟངས་འགྲིག་ཡོད་བསམ་པའི་ཡིད་ལར་ནས་མི་ཚིམ་པར། བློ་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་འདི་སྤྱི་འཐུས་ལྷན་རྒྱས་ལ་བསྐུལ་མ་བཏང་ནས་ཛ་དྲག་གི་རྟག་དཔྱད་མཐིལ་ཕྱིན་པ་ཞིག་ཅིས་ཀྱང་བྱེད་དགོས་པར་སེམས། 

བོད་མི་རྣམས་རྒྱལ་བ་རིན་པོ་ཆེར་དད་པ་ཆེ་བར་བརྟེན་རྟོག་ཞིབ་རང་བཞིན་ཅན་གྱི་རྩོམ་འདིར་བཀོད་པའི་བདེན་དོན་དག་ངོས་ལེན་བྱེད་དཀའ་བ་གུས་པས་གསལ་པོར་ཤེས་ལ། དེ་བཞིན་ང་ཚོའི་ལོ་རྒྱུས་ཁྲོད་དམིགས་ཡུལ་ཅན་གྱི་བླ་མ་འགས་རྒྱལ་ཁབ་བཙོང་བར་མ་ཟད། སོ་སོའི་རྩ་བའི་བླ་མ་གོང་ས་མཆོང་དང་དད་པ་དམ་ཚིག་ཤོར་བའི་ལོ་རྒྱུས་ལ་དེ་བས་ངོས་ལེན་བྱེད་དཀའ། ལོ་རྒྱུས་ཀྱི་དཔེ་མཚོན་གཅིག་ཞུས་ན། སྤྱི་ལོ་༡༨༩༦ལོར་རྒྱལ་ཚབ་དེ་མོ་འཕྲིན་ལས་རབ་རྒྱས་ཀྱིས་ལོ་ན་ཕྲ་བའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་འཚོང་ཆེད་མན་ཇུ་ཨམ་བན་དང་ངན་པ་ལག་འབྲེལ་བྱས་ཡོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། དེ་མོས་དགའ་ལྡན་ཕོ་བྲང་གི་ཁྲི་བཙན་འཕྲོག་མ་ཐུབ་པ་དང་། རྒྱལ་དབང་མཆོག་ལ་གནོད་འཚེ་བྱེད་མ་ཐུབ་པའི་གོང་ལ་ཁོའི་ངན་ཇུས་ཀྱི་མཐིལ་བརྟོལ་ཡོད། 

དེ་ལྟར་ཐེངས་རྗེས་མར་ཆོས་སྲིད་ཀྱི་དམིགས་ཡུལ་ལོག་པ་འཛིན་མཁན་དང་། དབང་ཆར་དགའ་བའི་བླ་མ་ཞིག་གིས་༸གོང་ས་མཆོག་དང་། བོད་རྒྱལ་ཁབ་འདི་པེ་ཅིང་ལ་ཡོད་པའི་ཁོའི་དམར་ཤོགས་ཀྱི་དཔོན་པོ་དག་ལ་བཙོངས་ན། ང་ཚོ་སྔར་ལྟར་རླུང་རྟ་རྒྱུག་སྲིད་དམ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||