ཡོངས་འཛིན་འཚོལ་བཤེར་དྲ་རྒྱ་ཤར་གཏོང་།

བོད་ནང་ནས་བོད་ཡིག་གི་འཚོལ་བཤེར་མ་ལག་ཡོངས་འཛིན་ཞེས་པ་ཞིག་བཟོས་ནས། ཟླ་འདིའི་ཕྱི་ཚེས་༢༢ ཉིན་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་ཤར་གཏོང་བྱས་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡོངས་འཛིན་འཚོལ་བཤེར་མ་ལག་ yongzin.com (http://www.tbsheep.com/technology/4904.html) ཞེས་པ་ནི། ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༤ ནས་འགོ་འཛུགས་ཏེ། རྒྱ་གཞུང་གིས་འགྲོ་གྲོན་རྒྱ་སྒོར་ས་ཡ་༥༧ (ཨ་སྒོར་ས་ཡ་༨.༧) བཏང་སྟེ། མཚོ་སྔོན་ཧི་ནན་ཁུལ་བོད་ཀྱི་སྐད་ཡིག་ཚོགས་པས་ལས་མི་༡༥༠ གླས་ནས་བཟོ་སྐྲུན་བྱས་པ་ཞིག་ཡིན་འདུག་ལ། ཡོངས་འཛིན་འཚོལ་བཤེར་མ་ལག་ནི་གྷོ་གྷེལ་(google)དང་འདྲ་བའི་འཚོལ་བཤེར་མ་ལག་ཅིག་ཡིན་འདུག འཚོལ་བཤེར་མ་ལག་དེ་ནི་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་བརྒྱད་ཀྱིས་གྲུབ་ཡོད་པ་ཞིག་ཡིན་འདུག
བཟོ་སྐྲུན་ཚོགས་པའི་འགན་འཛིན་ཚེ་ལོས། འཚོལ་བཤེར་མ་ལག་དེ་བོད་ཡིག་གི་དྲ་ཚིགས་ཚང་མ་རག་སའི་གཅིག་གྱུར་གྱི་སྒོ་མོ་ཞིག་ཆགས་ཡོད་པ་དང་། བོད་ཡིག་ནང་ཡོངས་འཛིན་ཞེས་པའི་དོན་ནི་དགེ་རྒན་ལ་གོ་དགོས་པ།  ཡོངས་འཛིན་འཚོལ་བཤེར་མ་ལག་ནི། བོད་ཡིག་ནང་ཡོད་པའི་རྩོམ་རིག་སོགས་ཤེས་བྱ་ཚང་མ་དྲ་ཐོག་ནས། འཛམ་གླིང་གང་སར་རག་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད་ཅེས་བརྗོད་ཡོད་འདུག
ཡང་རྒྱ་ནག་གི་གསར་ལམ་ཞིག་ཏུ་གསལ་བ་ལྟར་ན། ཟླ་གཅིག་གི་གོང་ནས་འཚོལ་བཤེར་མ་ལག་དེ་ཚོད་ལྟ་བྱས་དུས། འཛམ་གླིང་རྒྱལ་ཁབ་ཁག་༣༤ ནས་ཁྱོན་མི་གྲངས་ས་ཡ་༡༠ ཙམ་གྱིས་བསྔོགས་ཡོད་པ་རེད་འདུག
གཞན་འཚོལ་བཤེར་མ་ལག་དེ་སྤྱོད་མཁན་ལོ་ན་༢༨ཅན་ཞིག་གིས། རྒྱ་ནག་ནང་བཀོལ་སྤྱོད་ཆེ་བའི་བྷ་ཡི་དུ་(Baidu) འཚོལ་བཤེར་མ་ལག་ནང་བཞིན་ཕུན་སུམ་ཚོགས་པོ་མེད་ནའང་། ཧ་ཅང་གིས་ཡག་པོ་འདུག རིམ་བཞིན་ཇེ་ཡག་ཏུ་འགྲོ་བའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་ཡོད་འདུག
ཧི་ནན་ཁུལ་བོད་རིགས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་རབ་བསྟན་གྱིས། “ང་ཚོས་སྔོན་འགྲོའི་ཚོད་ལྟ་གཞི་ལ་བཞག་ནས་ཚོད་དཔག་བྱས་ན། ད་ལྟ་རྒྱ་ནག་རང་ནས་བོད་སྐད་བཤད་མཁན་མི་ས་ཡ་༡.༢ ཙམ་གྱིས་འཚོལ་བཤེར་མ་ལག་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་དེ་ལས་མང་དུ་འགྲོ་བར་ང་ཚོ་ཡིད་ཆེས་ཡོད་”ཅེས་བརྗོད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||