རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་དུ་ཆུ་ལོག་གི་གནོད་སྐྱོན།

ཟླ་འདིའི་ཚེས་༢༢ ཉིན་WION ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་ཨ་སམ་མངའ་སྡེའི་ནང་དུ་ཆུ་ལོག་གི་དཀའ་ངལ་ཆེན་མོ་འཕྲད་བཞིན་པའི་གནས་ཚུལ་འདུག

འདས་པའི་ཉིན་ཤས་ཀྱི་ནང་དུ་ཆར་པ་ཕོན་ཆེན་བབས་པས་ཡུལ་དེར་ཆུ་ལོག་བྱུང་ནས་མངའ་སྡེ་དེའི་འོག་ཏུ་རྫོང་སུམ་ཅུ་སོ་དྲུག་ཡོད་པའི་ནང་ནས་རྫོང་སུམ་ཅུ་སོ་གཉིས་ལ་གནོད་འཚེ་ཕོག་ཡོད་པ་དང་། ཡུལ་མི་ཁྱོན་བསྡོམས་ས་ཡ་སུམ་ཅུ་སོ་དྲུག་ལྷག་འཚོ་སྡོད་བྱེད་བཞིན་ཡོད་པའི་ཁྲོད་ནས་ཡུལ་མི་ས་ཡ་༤,༧ ལྷག་ལ་ཆུ་ལོག་གི་གནོད་སྐྱོན་ཕོག་ཡོད་པ་དང་། དེའི་ནང་ནས་མི་གྲངས་༨༢ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་བཞིན་སྒོ་ཕྱུགས་སེམས་ཅན་ལྔ་སྟོང་ལྷག་ཆུས་ཁྱེར་པ་དང་ལོ་ཏོག་བཏབ་ཡོད་པའི་ས་ཞིང་ཨེ་ཀར་༡༡༣,༤༨༤ ལྷག་ལ་གནོད་འཚེ་ཕོག་འདུག

རྒྱ་གར་གྱི་མངའ་སྡེ་མང་པོ་ཡོད་པའི་ནང་ནས་ཨ་སམ་མངའ་སྡེ་ནི་ཆུ་ལོག་མང་ཤོས་དང་ལས་སླ་ཤོས་འབྱུང་ས་ཞིག་ཡིན་པ་དང་། ཕྱི་ལོ་༡༩༨༨ དང་༡༩༩༨ དང་༢༠༠༤ བཅས་ཀྱི་ནང་དུ་ཡང་ཆུ་ལོག་ཕོན་ཆེན་བྱུང་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༠༤ ལོར་ཡུལ་དེར་ཆུ་ལོག་བྱུང་ནས་ཡུལ་མི་ས་ཡ་༡༢,༤ ལ་གནོད་འཚེ་ཕོག་ཡོད་འདུག

མངའ་སྡེ་དེའི་ནང་དུ་ཆུ་ལོག་ཡང་ཡང་ཡོང་དགོས་ནི་ཡུལ་དེར་ཤིང་ནགས་གཅོད་འབྲེག་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་གིས་ཆར་པ་ཤུགས་ཆེན་འབབ་པ། ཡུལ་དེར་ཆུ་མོ་གངྒ་གཙོས་པའི་རྒྱུག་ཆུ་བཅུ་ལྷག་བཞུད་བཞིན་ཡོད་པ་རེད་འདུག

ལོ་ལྟར་ཨ་སམ་གྱི་ཡུལ་དུ་ཆུ་ལོག་གི་རྐྱེན་པས་ཆ་སྙོམ་གྱོང་གུད་ཧིན་སྒོར་བྱེ་བ་༢༠༠ ཙམ་རག་གི་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༠༤ ལོ་གཅིག་པུའི་ནང་དུ་ཆུ་ལོག་གི་སྟབས་ཀྱིས་ཡུལ་དེར་ཧིན་སྒོར་བྱེ་བ་༧༧༡ གིས་གྱོང་གུད་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||