ལ་དྭགས་རྩོམ་རིག་གི་བྱུང་བ་དང་གནས་བབ།

བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་༦༢ པའི་ངོ་བོར་པར་སྐྲུན་བྱས་པའི་རྒོལ་ཡུལ་བཀྲ་ཤིས་ཆོས་འཕེལ་གྱིས་བརྩམས་པའི་ལ་དྭགས་རྩོམ་རིག་གི་བྱུང་བ་དང་གནས་བབ་ཅེས་པ་ནི། དངོས་གཞིའི་ས་བཅད་དེ་ནི་ལེའུ་གསུམ་དང་དོན་ཚན་ཆེན་པོ་ལྔར་ཕྱེས་ཏེ། དེ་དག་གི་སྐབས་དོན་གྱི་བྱུང་བ་སྟེ་རིག་གནས་དང་སྤྱི་ཚོགས། དཔལ་བྱོར་བཅས་ཀྱི་གནས་བབ་གནད་བསྡུས་ཤིག་བཀོད་ནས་དུས་མཚམས་དེའི་རྩོམ་རིག་གནས་བབ་དང་རྩོམ་པ་པོའི་སྐོར་སྤྱི་བཤད་བྱས་ཏེ་ཚབ་མཚོན་བརྩམས་ཆོས་ཀྱི་སྐོར་གླེང་སློང་རགས་བསྡུས་བྱས་ཡོད། སྤྱིར་ལ་དྭགས་ཀྱི་རྩོམ་རིག་གི་ལོ་རྒྱུས་ཞེས་པ་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་མཐའ་གཅིག་ཏུ་ཐ་དད་པ་ཞིག་ཡོང་དཀའ་བ་ནི་ང་ཚོའི་སྐད་དང་རིག་གཞུང་སྤྱིའི་ཆ་ནས་གཅིག་པ་ཡིན་ཞིང་ཤ་འདྲེས་པགས་འདྲེས་སུ་གནས་ཡོད་པས་ཡིན། དེ་བཞིན་དེ་སྔོན་བོད་དང་ལ་དྭགས་ཞེས་རིག་གཞུང་གི་ས་མཚམས་ཤིག་ཕྱེས་མེད་ཀྱང་། འདིར་བྱེ་བྲག་ས་ཁུལ་འདིར་གཏོགས་པའི་རྩོམ་པ་པོ་དང་བརྩམས་ཆོས་གཞིར་བཟུང་གིས་གླེང་བ་ཞིག་ཡིན། དེ་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཙམ་ནས་ད་ལྟའི་བར་དུ་ངག་ཐོག་དང་ཡིག་ཐོག་གཉིས་ཀར་བྱུང་བའི་རྩོམ་རིག་གི་བྱུང་བ་དང་འཕེལ་རྒྱས་སུ་སོང་ཚུལ་རྩོམ་རིག་ལོ་རྒྱུས་འབྲི་ཐབས་དང་མཐུན་པར་བྱས་ཏེ་ལེའུ་ཆེན་པོ་ལྔ་དང་། ཡན་ལག་བཅོ་ལྔ། ཉིང་ལག་ཉི་ཤུ་རྩ་གཅིག་ཏུ་བགོས་ཏེ་ལ་དྭགས་རྩོམ་རིག་གི་བྱུང་རབས་བརྗོད་ཡོད་པ་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||