ཤ་ཚ་དང་སྙིང་རྗེ་བྱེད་མི་སྲིད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༠ ཕྱི་ལོ་ ༢༠༢༢/༢ /༢

བོད་ལ་བཙན་འཛུལ་དང་བོད་ས་བཙན་འཕྲོག་བྱེད་མཁན་རྒྱ་དམར་དྲག་པོའི་གཞུང་ནི། ཐུབ་ས་ཞིག་ལ་དབང་ཡོད་གཏོང་རྐྱང་དང་། རྡོག་རྫིས་བྱེད་རྐྱང་བྱེད་མཁན་གྱི་སྲིད་གཞུང་ཡིན་པས། བོད་ཀྱི་རང་བཙན་འཕྲོག་མཁན་ནི་འཛམ་གླིང་གི་ཁྱོན་འདིར་ཡིད་ཆེས་དང་བློ་གཏད་མི་ཆོག་པ་དང་། ཡ་རབས་དྲང་བདེན་གཏན་ནས་མེད་པའི་སྲིད་གཞུང་གདུག་རྩུབ་ཆེ་ཤོས་སུ་གྱུར་ཡོད། དེ་ནི་བོད་པའི་ཁ་རྒྱུན་དུ་“ཤིང་བཟོ་ལས་ངན་སྒོ་དང་ཐུག མགར་བ་ལས་ངན་ཁྲོ་དང་ཐུག་”ཅེས་བསྒྱུར་བཅོས་གཏོང་མི་ཐུབ་པའི་ཚད་དུ་འཇོག་སྲོལ་ཡོད་པ་བཞིན། རྒྱ་དམར་གཞུང་ལ་ཡ་རབས་དང་བཟང་སྤྱོད་ཀྱི་ཚད་ཐིག་ཐོག་ནས་བསྟུན་མཁས་དང་རྣམ་འགྱུར་ཡག་པོ་ག་ཚོད་བསྟན་ཡང་། དེ་ལ་བརྟེན་ནས་གྲུབ་འབྲས་ཡག་པོ་ཞིག་ཡོང་ཐབས་མེད་པ་ནི། འདས་པའི་ཉམས་མྱོང་གི་ཐོག་ནས་གསལ་རྟོགས་ཐུབ་པ་ཞིག་རེད། ད་ལྟའི་ཆར་ཡང་བཙན་བྱོལ་བོད་མིའི་ནང་དུ་རྒྱ་གཞུང་ལ་རྣམ་འགྱུར་ཡག་པོ་སྟོན་དགོས་པའི་བསམ་ཚུལ་ཤོད་མཁན་མང་པོ་ཡོད་པ་ནི། དོན་དུ་རྒྱ་གཞུང་ལ་རྒྱུས་མངའ་མེད་པ་དང་། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བསམ་བློ་གཏོང་མ་མྱོང་བའི་མངོན་རྟགས་ཤིག་ཏུ་གྱུར་ཡོད།

བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་བསྟུན་མཁས་བྱེད་དྲགས་ནས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་ཀྱི་མི་མང་བཅས་གསལ་པོ་ཤེས་ཟིན་པས། ༧གོང་ས་མཆོག་གི་སྐུ་ཚེ་དང་། བོད་མིའི་ལས་དབང་ལ་གནས་དུས་རྩོད་རྩིས་འབའ་ཞིག་བྱེད་པ་ལས། བོད་པའི་ངོས་ནས་རྣམ་འགྱུར་ཡག་པོ་འདུག བོད་དོན་ཐག་གཅོད་བྱེད་དགོས་བསམ་པ་ཞིག་རྩ་བ་ནས་མེད། རྒྱ་གཞུང་གིས་ཕྱི་ལོ་༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་གི་བརྒྱུད་རིམ་ནང་བོད་དོན་ཐག་གཅོད་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་ཀྱང་། རྩེད་འགྲན་གྱི་རྗེས་སུ་རྣམ་འགྱུར་དེ་ནི་ནམ་མཁའི་འཇའ་ཚོན་བཞིན་ལག་པ་འཆང་ས་གང་ཡང་མེད་པ་ཞིག་ཏུ་གྱུར་ཡོད། དེ་རིང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཀྱི་ཡོད་ཀྱང་། ༢༠༠༨ ལོ་དང་མི་འདྲ་བར་ད་ལྟའི་ཆར་བཙན་བྱོལ་བོད་མི་ལ་བསྟུན་མཁས་དང་བོད་དོན་ཐག་གཅོད་ཀྱི་རྣམ་འགྱུར་མཐོང་རྒྱུ་གང་ཡང་མེད། རྒྱ་ནག་གི་ཆབ་སྲིད་ཞིབ་འཇུག་པ་ཡིན་ཟེར་མཁན་རེ་ཟུང་གིས་རྒྱ་གཞུང་གི་གཏམ་བཤད་ནས་“ཏཱ་ལའི་”ཞེས་པ་རེ་ཟུང་ཙམ་ལས་མེད་པ་དེ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་རེད་ཅེས་ཤོད་དགོས་པ་ལྟ་བུ་རེད།

རྩ་བས་བོད་རྒྱའི་ཆབ་སྲིད་ཞིབ་འཇུག་པ་ཡིན་ཟེར་མཁན་ཚོས་སྐད་ཆ་ལ་བོད་པ་མང་པོས་ཉན་མྱོང་བ་དང་། དེ་དག་གི་བཤད་ཕྱོགས་དང་བསྟུན་ནས་༧གོང་ས་མཆོག་གིས་ཀྱང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བའི་རྩོམ་ཡིག་གི་གྲངས་ཀ་སྔ་རྗེས་གསུངས་མྱོང་ཡོད། འོན་ཀྱང་བོད་རྒྱའི་ཆབ་སྲིད་ཞིབ་འཇུག་པ་དེ་དག་གིས་རྒྱ་མི་བོད་དོན་ལ་འཁྱོག་བཤད་བྱས་པའི་རྩོམ་ཡིག་གི་གྲངས་ཀ་ནི་དུས་ནམ་ཡང་རྒྱག་མྱོང་མེད་ལ། ད་དུང་བོད་རང་བཙན་ཁོ་ན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་ཁག་ཅིག་ལ་འབྲེལ་བ་གཏན་ནས་མ་བྱས་པའི་གནས་ཚུལ་ཡང་ཡོད། བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་ཞིབ་འཇུག་པ་རེ་ཟུང་གིས་ཞི་ཅིན་ཕིན་སྲིད་འཛིན་ཆགས་སོང་ན། བོད་དོན་ལ་རེ་བ་ཆེན་པོ་ཡོད་ཚུལ་དང་། ཞི་ཅིན་ཕིན་གྱི་ཕ་ཞི་ཀྲུང་ཞིན་༧གོང་ས་མཆོག་གི་གྲོགས་པོ་ཡིན་པ་དང་། ཞི་ཀྲུང་ཞིན་གྱི་བཟའ་ཟླ་གྲོངས་སྐབས་༧གོང་ས་མཆོག་ལ་བསྔོ་རྟེན་བསྐུར་རབས། བོད་མི་མང་པོའི་སེམས་པ་འཕྲོག་ཐུབ་པའི་སྐད་ཆ་མང་པོ་བཤད་མྱོང་བ་མ་ཟད། དེའི་སྒང་ལ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པས་དབུ་མའིི་ལམ་བཟང་རབས་སོགས་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་ཏེ་བོད་མི་མང་ཆེ་བའི་སེམས་འགུག་ཐུབ་ཡོད།

ད་ལྟའི་ཆར་ཡང་ས་གནས་རེ་ཟུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་བྱེད་མཁན་ཁག་ཅིག་དང་བཙན་བྱོལ་བོད་མིའི་གནད་ཡོད་རེ་ཟུང་བར་འབྲེལ་བ་ཡིན་ལ་མིན་ལ་ཙམ་ཡོད་ཚུལ་གོ་རྒྱུ་འདུག་ཀྱང་། དོན་དངོས་སུ་འདས་པའི་མི་ལོ་༢༠ ལྷག་གི་རིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱ་གཞུང་གི་རྒྱལ་གཅེས་སློབ་གསོ་ཟེར་བ་མུ་མཐུད་ནས་སྔར་ལྷག་སྤེལ་ཐུབ་པའི་ཆེད་འབའ་ཞིག་དང་། མི་སྒེར་པ་རེ་ཟུང་ལ་དཔལ་འབྱོར་གྱི་ཁེ་ཕན་ཙམ་རག་སྲིད་པ་ལས། བོད་དོན་ཐག་གཅོད་ཀྱི་ལམ་ཁ་ཞིག་ཏུ་འགྲོ་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་དེ་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་མཁན་ཞིག་དང་། རྒྱ་གཞུང་གི་ལས་དོན་ལ་འགལ་རྐྱེན་སྤྲོད་ཐུབ་མཁན་ཞིག་མ་ཆགས་ཀྱི་བར་དུ་རྒྱ་གཞུང་གིས་དོན་དམ་པའི་ཡ་ལན་ཞིག་སྤྲོད་མི་སྲིད་པ་རེད། ཕ་མ་བཟང་པོ་ཞིག་ལ་མཚོན་ན་བུ་ཕྲུག་ལ་སྤྱོད་པ་ཡག་པོ་ཡོད་མཁན་ལ་ངོས་འཛིན་གྱི་ཆེད་དུ་བྱ་དགའ་སྤྲོད་སྲོལ་ཡོད་ཀྱང་། དེ་ནི་བརྩེ་སེམས་དང་བུ་ཕྲུག་ཡག་པོ་ཡོང་ཆེད་ཁོ་ན་རེད། རྒྱ་གཞུང་གིས་བོད་ལ་དེ་ལྟ་བུའི་བརྩེ་སེམས་དང་ཡག་པོ་ཡོང་བའི་རེ་བ་མེད་པ་ནི་སུས་བལྟས་ཀྱང་རྟོགས་ཐུབ།

མདོར་ན་བོད་པའི་འཐབ་རྩོད་ནི་རྣམ་པ་ག་འདྲ་ཞིག་གི་ཐོག་ཏུ་ཕྱིན་ཡང་། རྒྱ་གཞུང་ལ་ཁུར་མི་ཐུབ་པའི་ཁུར་པོ་ལྗིད་གོག་ཅན་ཞིག་ཏུ་འགྱུར་ཐུབ་ན། རྒྱ་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་ཁུར་པོ་དེ་ཕབ་རྒྱུའི་བསམ་བློ་གཏོང་ངེས་རེད། སྔོན་ཆད་རྒྱལ་སྤྱིའི་སྟེང་སྤྱོད་ངན་དུ་གྲགས་པའི་ཐ་ལི་པན་ཚོགས་པ་ལྟ་བུར་མཚོན་ན། འཛམ་གླིང་གི་སྟོབས་ཆེན་མང་པོ་ཞིག་དང་ལྷག་པར་དུ་ཨ་རིས་སྣེ་ཁྲིད་པའི་བྱང་ཆིངས་དོན་སྒྲིག་འཛུགས་(Νορτη Ατλαντιχ Τρεατψ Οργανιζατιον)ཀྱི་ངོས་ནས་ཁ་གཏད་དུས་ཡུན་རིང་པོར་བཅགས་ཀྱང་གླགས་ཁེལ་མེད། ད་ལྟའི་ཆར་ཆོས་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་གང་ཐད་ནས་བོད་པའི་ངོས་ནས་ཐ་ལི་པན་ལྟ་བུ་ཞིག་བྱེད་མི་ཐུབ་པ་དང་བྱེད་འོས་པ་ཞིག་ཀྱང་མིན་མོད། འཆར་གཞི་དང་གྲ་སྒྲིག་ཡོད་པ། ཚོར་བ་དང་གསོན་ཤུགས་ཡོད་པའི་ཐོག་ནས་ད་ལྟ་ལས་རྣམ་འགྱུར་མཁྲེགས་སུ་གཏོང་མ་ཐུབ་ན་ནུས་པ་དང་ཤུགས་རྐྱེན་གང་ཡང་མེད། སྔ་རྗེས་སུ་ཡང་ཡང་བཤད་མྱོང་བ་བཞིན་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་རེ་བ་བརྒྱབ་པ་ཙམ་གྱིས་རྒྱ་གཞུང་གིས་བོད་དོན་ལ་ཤ་ཚ་སྐྱེས་ནས་ཐག་གཅོད་བྱེད་མི་སྲིད་པ་དེ་གསལ་པོར་མཐོང་དགོས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||