སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དབུ་འབྱེད་བྱས་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་གྷ་ཡ་རའེ་སྒྲེན་སེ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་། བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་གཉིས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་༧ས་སྐྱའི་ཁྲི་འཛིན་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། ཤར་རྩེ་ཆོས་རྗེ། ཇོ་ནང་རྒྱལ་ཚབ། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་སོགས་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

དེ་ཡང་སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྐྲུན་པའི་ལོ་དགུའི་ལས་རིམ་ཅན་ཞིག་ཡིན་པ་དང་། ད་ལྟའི་ཆར་རྩོམ་སྒྲིག་ཡན་ལག་༣༣ དང་རྩོམ་སྒྲིག་ལས་མི་༡༥༠ ཡོད་འདུག དེ་མིན་དང་བླངས་ཀྱིས་རོགས་གནང་མཁན་མི་སྒེར་ཡང་མང་པོ་ཡོད་འདུག ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་༢༠༡༥ ལོའི་ཕྱི་༡༢ ཚེས་༡༨ ཉིན་བཀྲམ་ཡོད་པ་དང་། ཐོན་རིམ་དང་པོའི་ནང་མ་ཚིག་འབུམ་གཅིག་ལྷག་ཙམ་ཡོད་འདུག ད་ཐེངས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་གསུང་ཆོས་སྐབས་དང་བསྟུན་ནས་མ་ཚིག་འབུམ་གཅིག་ལྷག་གསར་སྣོན་བྱས་པའི་ཐོན་རིམ་གཉིས་པ་དངོས་སུ་བཀྲམ་ཡོད་འདུག

ཐོན་རིམ་གཉིས་པའི་ནང་སྔ་མ་དང་མི་འདྲ་བར་དོན་དག་གི་ཆ་སོགས་ལ་གསར་སྣོན་དང་འགྱུར་བ་མང་པོ་བཏང་ཡོད་པར་བརྗོད་འདུག་ལ།  ཚིག་མཛོད་འདི་བོད་ཕྱི་ནང་གཉིས་ནས་ཀུ་ཤུ་རྟགས་ཅན་དང་ཨན་ཌོར་མ་ལག་བཅས་ཀྱི་ཁ་པར་དང་གློག་ཀླད་གཉིས་ཀའི་ནང་དུ་ཕབ་ལེན་ཐུབ་ཀྱི་ཡོད་འདུག ད་ལྟའི་བར་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དྲྭ་ལམ་དུ་ཕབ་ལེན་བྱེད་མཁན་མི་གྲངས་ས་ཡ་བཞི་བྱུང་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||