སྲིད་བྱུས་ལ་འགྱུར་བ་གཏོང་རན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༨   ཕྱི་ལོ་ ༢༠༢༢/༦ /༨

རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཁོར་ཡུག་ནི། བོད་དོན་འཐབ་རྩོད་ཀྱི་འགན་ཁུར་མཁན་ཞིག་ལ་མཚོན་ན་ངེས་པར་དུ་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་དོན་རྒྱབ་སྐྱོར་གྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཐབས་དང། བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ཐབས་ཤེས་བྱ་རྒྱུ་ནི་ཕྱོགས་གང་ཐད་ནས་གལ་འགངས་ཆེ་ཤོས་སུ་གྱུར་ཡོད། འཐབ་རྩོད་ནི་བོད་ཀྱི་རྩ་དོན་ཁོ་ན་གཞི་རྩར་འཛིན་དགོས་པ་ལས། གཞན་གྱི་རྒྱབ་སྐྱོར་རག་མིན་ལ་བལྟས་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་འགྱུར་བ་གཏོང་ཆོག་ཆོག་ཅིག་མིན། འོན་ཀྱང་ཡུལ་དུས་གནས་བབས་དང་འཕྲལ་ཕུགས་གང་ཐད་ནས་འགྱུར་བ་གཏན་ནས་གཏོང་མི་ཆོག་པ་ཞིག་ཀྱང་མིན་པས། སྔོན་མ་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་ནག་གི་ཁྲོམ་ར་ལ་བརྟེན་ནས་འབྲེལ་བ་བྱ་རྒྱུའི་བསམ་བློ་ཡོད་སྐབས་བོད་དོན་ལ་དོ་སྣང་བྱེད་མཁན་དཀོན་ནའང། དེང་སྐབས་རྒྱ་ནག་ནི་དམག་དོན་དང་དཔལ་འབྱོར་གང་ཐད་ནས་ཉེན་ཁ་ཞིག་ཏུ་མཐོང་བཞིན་པའི་སྐབས་འདིར་བོད་དོན་རྒྱབ་སྐྱོར་གྱི་ཁོར་ཡུག་སྔོན་མ་ལས་རྒྱ་ཆེ་རུ་སོང་ཡོད།

རྒྱ་དམར་གཞུང་གི་སྲིད་བྱུས་དང་མཁྲེགས་འཛིན་གྱི་བསམ་བློ་གང་ཐད་ནས་བལྟས་ཀྱང། ༧གོང་ས་མཆོག་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སམ་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དོན་བཞིན་བོད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་དང་གོ་སྐབས་མེད་པ་གསལ་ནས་གསལ་དུ་འགྲོ་བཞིན་ཡོད། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་རེ་བ་བཅས་གང་ཐད་ནས་འགྱུར་བ་ཞིག་གཏོང་དགོས་པའི་དབང་དུ་བཏང་ན། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་མ་གཏོགས། དེའི་རྗེས་སུ་འགྱུར་བ་གཏོང་རྒྱུའི་གོ་སྐབས་མེད་པ་དང། བོད་ཕྱི་ནང་གཉིས་སུ་ཕྱོགས་ཡོངས་ནས་འཐབ་རྩོད་ཀྱི་གནད་དོན་ཐོག་ནས་ཁོར་ཡུག་དང་གོ་སྐབས་ནུས་པ་བཅས་གང་ཐད་ནས་རེ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པ་དང། བོད་པ་འཆི་གསོན་མང་པོ་ཞིག་གི་རེ་བ་ཉག་གཅིག་ཏུ་གྱུར་པ་བོད་རང་བཙན་སླར་གསོ་བྱ་རྒྱུའི་དམིགས་ཡུལ་བསྐྱར་དུ་འཛིན་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།

མ་འོངས་པར་ད་མུས་བཞིན་རྒྱ་དམར་གཞུང་ལ་བསྟུན་མཁས་བྱ་རྒྱུའི་སྲིད་བྱུས་དེ་མུ་མཐུད་ན། རྒྱལ་སྤྱིའི་སྟེང་ནས་བོད་དོན་རྒྱབ་སྐྱོར་བརླག་འགྲོ་བ་དང། བོད་པ་རང་ངོས་ནས་འཐབ་རྩོད་ཀྱི་ངར་ཤུགས་ཆུང་དུ་སོང་ནས་རིམ་པས་བོད་དོན་འཐབ་རྩོད་ལ་ནུས་པ་གང་ཡང་མེད་པར་འགྱུར་རྒྱུའི་ཉེན་ཁ་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐུབ་པའི་དབང་དུ་བཏང་ནའང་བོད་པ་ལ་འདོད་པ་མེད་ན་ཁ་ཕྱོགས་དེ་ལ་བསྐྱོད་ནས་ཕན་ཐོགས་གང་ཡང་མེད། དོན་དུ་ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྒྱབ་སྐྱོར་མང་པོ་ཡོད་པ་དེ། ཕལ་ཆེ་བ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་ཁོ་ན་ལ་བརྟེན་ནས་ཡིན་པ་ལས། སྲིད་བྱུས་རང་སྟེང་ནས་ངེས་ཤེས་རྙེད་པའི་ཡིད་ཆེས་ཡོད་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། དེ་ནི་ཚོད་དཔག་ཙམ་མ་ཡིན་པར་ཐོག་མ་མི་མང་ཁྲོད་མང་མོས་འོས་བསྡུའི་སྔོན་འགྲོའི་ལས་རིམ་ཞིག་ཕྱིན་པའི་གྲུབ་འབྲས་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གཏན་འབེབས་གནང་བའི་གྲོས་ཆོད་ཀྱི་ཐོག་ནས་རྟོགས་ཐུབ།

བོད་ནང་ཤུགས་རྐྱེན་ག་ཚོད་ཡོད་པ་དེ་ཡང་གཙོ་བོ་རྒྱུ་མཚན་དེ་ལ་བརྟེན་ནས་བྱུང་ཡོད་ཅིང། བཙན་བྱོལ་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་དང་མི་མཐུན་པའི་ལྟ་ཚུལ་བརྗོད་སྐབས་༧གོང་ས་མཆོག་ལ་མ་གུས་པ་ཡིན་པ་དང། ཐ་ན་སྐུར་འདེབས་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད། ད་དུང་༧གོང་ས་མཆོག་གིས་མ་མཁྱེན་པ་ཞིག་མི་གཞན་ཞིག་གིས་ཤེས་མི་སྲིད་པའི་རྒྱུ་མཚན་སོགས་བརྗོད་དེ་ཕྱོགས་གང་ཐད་ནས་བསམ་ཚུལ་མི་འདྲ་བ་ཞིག་འདོན་རྒྱུའི་ཁོར་ཡུག་ཧ་ཅང་དོག རྣམ་དཔྱོད་དང་བོད་དོན་ཐོག་ནས་ཉམས་མྱོང་སོགས་གང་ཐད་ནས་༧གོང་ས་མཆོག་གིས་མ་མཁྱེན་པ་བཞིན་མི་གཞན་ཞིག་གིས་ཤེས་མི་ཐུབ་པ་དེ་དོན་དངོས་ཡིན་ཡང། ༧གོང་ས་མཆོག་གིས་འཇིག་རྟེན་སྤྱི་ཡོངས་ལ་གཟིགས་པའི་བྱམས་སེམས་ལྟ་བུ་ཞིག་བོད་པ་སུ་གཅིག་ལ་མེད་པས། ༧གོང་ས་མཆོག་གིས་གནང་བ་བཞིན་གཞན་སུ་གཅིག་གིས་བྱེད་མི་ཐུབ་པ་གསལ་པོ་ཡིན་པས། དེའི་ལད་མོ་བྱས་པ་ནི་སྟག་མཆོང་སར་ཝ་མཆོང་མི་ཐུབ་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད།

མདོར་ན་༧གོང་ས་མཆོག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་གསོལ་སྩལ་མཛད་པའི་དགོངས་གཞི་གཙོ་བོ་ནི། བོད་མི་ཚང་མས་འདྲ་མཉམ་གྱི་ཐོག་ནས་བསམ་ཚུལ་བཤད་ཐུབ་པ་དང་ལངས་ཕྱོགས་འཛིན་ཐུབ་དགོས་པ་དེ་ཡིན་ཞིང། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་ཐུགས་རེ་དེ་ལྟ་བུ་ཞིག་བཟུང་ཡོད་པ་སྨྲོས་མི་དགོས་པ་རེད། བོད་པ་ཚང་མ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བའི་སྐྱེས་ཆེན་དམ་པ་ཞིག་མིན་པ་དང་གཅིག དེང་དུས་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་དུས་ཚོད་འདིར། བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཀྱི་ཐོག་ནས་བོད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་མེད་པ་དང་གཉིས། ད་ལྟ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་པ་ཁག་ཅིག་གིས་རྒྱ་གཞུང་ལ་བསྟོད་བསྔགས་བྱེད་པ་དང་གསུམ། སྤྱི་ཚོགས་ནང་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཡོད་མཁན་ཉུང་དུ་འགྲོ་བཞིན་པ་དང་བཅས་ལ་བརྟེན་ནས་སྲིད་བྱུས་འདི་ལ་འགྱུར་བ་གཏོང་རྒྱུའི་དུས་ལ་བབ་ཡོད་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||