སྲིད་ཟུར་བློ་བཟང་སེང་གེ་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་འདུག

ཟླ་འདིའི་ཚེས་༡༨ ནས་ཉིན་གསུམ་རིང་ཁེ་ན་ཌའི་ནོ་ཝ་སི་ཁོ་ཊིའི་ཡ་(Novo Scotia)་ཞེས་པའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་(Halifax International Security Forum)་འམ་ཧེ་ལི་ཧྥེ་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ཚོགས་པའི་གོ་སྒྲིག་འོག དེང་གི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་དང་དེའི་གནད་འགག་ཐད་གཏམ་བཤད་དང་བགྲོ་གླེང་། བསམ་ཚུལ་བརྗེ་རེས་ཀྱི་ལྷན་ཚོགས་ཞིག་ཚོགས་ཡོད་པ་དང་།

སྐབས་དེའི་ལྷན་ཚོགས་ཀྱི་ཐོག་ཏུ་སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་ཡང་མཉམ་ཞུགས་བྱས་ཡོད་འདུག་ལ། ལྷན་ཚོགས་དེ་དང་འབྲེལ་བའི་ཐོག་ཁོང་གིས་ཁེ་ན་ཌའི་ས་གནས་ནོ་ཝ་སི་ཁོ་ཊིའི་ཡའི་ནང་། འདས་མ་ཐག་པའི་བདུན་འདིའི་ནང་འཚོགས་པའི་ཧེ་ལི་ཕྷེ་སི་བདེ་འཇགས་གླེང་སྟེགས་ཐོག་བསྐྱར་དུ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ། ལྷན་ཚོགས་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་མི་སྣ་ཁག་དང་མཉམ་དུ་བསམ་ཚུལ་བརྗེ་རེས་དང་ལེགས་ཆ་ལེན་རྒྱུ་བྱུང་། དེ་དང་མཉམ་དུ་འཛམ་གླིང་གི་དཔོན་རིགས་ཁྲོད་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་ཤེས་རྟོགས་བྱུང་བས་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་ཁོང་ཉིད་ཀྱི་ངོ་དེབ་ཐོག་སྤེལ་འདུག

ཧེ་ལི་ཧྥེ་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པ་དེ་ནི་ཕྱི་ལོ་༢༠༠༩ ལོ་གསར་དུ་དབུ་འཛུགས་བྱས་ཞིང་གླེང་སྟེགས་དེ་ནི་འཛམ་གླིང་ཐོག་དམངས་གཙོའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལྷན་ཚོགས་ཐོག་མའི་གྲས་ཤིག་ཡིན་པ་དང་། གླེང་སྟེགས་དེའི་དམིགས་ཡུལ་གཙོ་བོ་ནི་དམངས་གཙོའི་རྒྱལ་ཁབ་ཁག་གིས་འཐབ་ཇུས་མཉམ་ལས་ཐོག་ལ་ཤུགས་སྣོན་རྒྱག་གི་ཡོད་འདུག

རྒྱུན་དུ་ལྷན་ཚོགས་དེའི་ཐོག་ཏུ་རྒྱལ་ཁབ་ཁག་གི་དམག་དཔོན་རྒན་པ་དང་གནད་དོན་ཆེ་ཁག་རིགས་ཐག་གཅོད་བྱེད་མཁན་དང་། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་ཐོག་གི་བཟོ་གྲྭ་ཁག་གི་འགོ་ཁྲིད། ཁེ་ན་ཌ་དང་ཡུ་རོབ་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་མཁས་དབང་དང་ཉམས་ཞིབ་པ། ཐབས་བྱུས་མཁས་པ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སོགས་མཉམ་ཞུགས་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིའི་ལྷན་ཚོགས་ཀྱི་ཐོག་ཏུ་ཡང་ཁྱོན་མི་གྲངས༣༠༠ ལྷག་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||