སྲིད་སྐྱོང་འོས་མི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་བཅར་འདྲི།

ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྣམས་ཀྱིས་སོ་སོའི་མ་འོངས་ལས་འཆར་དང་ལོ་རྒྱུས་སོགས་ཀྱི་ཐད་འོས་མིའི་ཁྱབ་བསྒྲགས་ལས་རིམ་ཁག་ཏུ་འགྲེལ་བརྗོད་གནང་ཟིན་ཡོད་ཁར། སྒེར་གྱི་ངོ་དེབ་དང་དྲ་ཚིགས་ཁག་ཏུ་ཡང་གསལ་པོ་བཟོས་ཡོད་པ་དང་། འདི་ག་བོད་ཀྱི་བང་ཆེན་གསར་ཁང་ནས་སྲིད་སྐྱོང་འོས་མི་རྣམས་ལ་བོད་མི་མང་པོ་ཞིག་གིས་སེམས་ཚོར་བྱེད་སའི་གནད་དོན་ཁག་ཅིག་གི་ཐོག་ལ་བཅར་འདྲི་གཅིག་མཚུངས་སུ་བྱེད་རྒྱུ་བྱས་པ་ཡིན་ལ། དེང་སྐབས་རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འགྲིམ་འགྲུལ་དང་ཐུག་འཕྲད་ལ་དཀའ་ངལ་ཡོད་པར་བརྟེན། ཡིག་ཐོག་དང་ཡང་ན་ཁ་པར་བརྒྱུད་ནས་གནས་འདྲི་བྱེད་ཐབས་བྱས་པར། སྲིད་སྐྱོང་འོས་མི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཡིས་ཡིག་ཐོག་ནས་ལན་འདེབས་གནང་བ་གཤམ་གསལ།

དྲི་བ། རྒྱ་གར་ནང་བོད་མིའི་མི་འབོར་ཉུང་དུ་འགྲོ་བཞིན་པ་དེ་ལ་ཁྱེད་རང་གིས་སེམས་འཚབ་འོས་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། རྒྱུན་མཚན་གསུངས་རོགས།

ལན། རྒྱ་གར་ནང་གི་བོད་མིའི་མི་འབོར་ཉུང་དུ་འགྲོ་བཞིན་པ་དེ་ལ་ང་རང་གི་ངོས་ནས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད།  གལ་ཏེ་ད་ལྟའི་གནས་སྟངས་ལྟར་མུ་མཐུད་མི་འབོར་ཇེ་ཉུང་དུ་སོང་བ་ཡིན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཇེ་ཆུང་དུ་འགྲོ་ཉེན་འདུག་ཅིང་མི་ལོ་ ༦༡ ལྷག་གི་རིང་འཛུགས་བསྐྲུན་བྱས་པའི་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་དང་།  དགོན་སྡེ་ཁག  སློབ་གྲྭ་ཁག  རིག་གཞུང་གི་ལྟེ་གནས་ཁག་གི་དགོས་མཁོ་དང་ནུས་པའང་ཇེ་ཞན་དུ་འགྲོ་ཉེན་ཆེ་བ་ཡིན།  

མི་འབོར་གྱི་འགྱུར་འགྲོས་དེ་ལ་རྒྱུ་མཚན་སྣ་མང་ཞིག་ཡོད་པ་འདི་ལྟར་ཏེ། 

)བོད་མིའི་ཁྱིམ་ཚང་ཁག་གི་ཕྲུ་གུའི་སྐྱེས་ཚད་ཇེ་ཉུང་འགྲོ་བཞིན་པ་དང་།  

)སྔོན་ཆད་ཀྱི་ལོ་རེར་བོད་ནས་གསར་དུ་འབྱོར་མཁན་མི་གྲངས་ ༤༠༠༠ ཙམ་ཡོད་པ་ནས་ད་ལྟའི་ཆར་མི་གྲངས་ ༥༠ ཙམ་ལས་མེད་པ་གྱུར་ནས་བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་པ། 

)དཔལ་འབྱོར་དང་འཚོ་གནས་ཆེད་ནུབ་ཕྱོགས་དང་ཨོ་གླིང་སོགས་སུ་གནས་སྤོ་ཤུགས་ཆེར་བྱེད་བཞིན་པ།  

)བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་འགོར་འགྱངས་སོང་བའི་རྐྱེན་གྱིས་ཇི་ཙམ་འགོར་འགྱངས་ཕྱིན་པ་དེ་ཚོད་ཀྱིས་བོད་མི་རྣམས་རྒྱ་གར་ནས་རྒྱལ་ཁབ་གཞན་དུ་འགྲོ་འདོད་ཇེ་ཆེར་འགྲོ་བཞིན་པ་བཅས་ནི་རྒྱུ་མཚན་གཙོ་བོ་ཡིན།

དྲི་བ། ཁྱེད་ཀྱི་སྲིད་སྐྱོང་ལས་ཡུན་སྐབས་སུ་རྒྱ་ནག་མང་གཙོའི་ལམ་ལུགས་ཆགས་པ་དང་། ཡང་ན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་བ་ལྟར་རྒྱ་ནག་ཀྱང་ཁ་འཐོར་ཚེ། ཁྱེད་ཀྱིས་མུ་མཐུད་ནས་ས་གནས་མི་རིགས་རང་སྐྱོང་རྩོད་རྒྱུ་ཡིན་ནམ། ཡང་ན་རང་བཙན་གཙང་མ་རྩོད་རྒྱུ་ཡིན་ནམ།

ལན། ངས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་རྒྱ་ནག་མ་འོངས་པ་ཅི་འདྲ་ཞིག་ཏུ་འགྱུར་མིན་དང་འབྲེལ་བ་དེ་ཙམ་མེད།  བོད་ནི་ཕྱིའི་དཔལ་འབྱོར་གྱི་ཐད་ནས་ཡར་རྒྱས་དེ་ཙམ་སོང་མེད་ཅིང་ས་ཁོངས་ཀྱི་ཆ་ནས་གཞན་དང་འབྲེལ་ལམ་བདེ་པོ་མེད།  མ་འོངས་པའི་དམར་ཤོག་གམ་དམངས་གཙོའི་རྒྱ་ནག་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་སྲིད་ཇུས་དང་བདེ་སྲུང་མ་གཏོགས་བོད་ཆོལ་ཁ་གསུམ་པོ་དབང་ཆ་ཡོངས་རྫོགས་བོད་མི་རང་གིས་སྟངས་འཛིན་བྱེད་པའི་འཛིན་སྐྱོང་ཞིག་གི་ལག་ཏུ་འཇོག་ཐུབ་ཚེ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཡིད་ཆེས་ཡོད།  འབྲེལ་ལམ་དེས་བོད་མིའི་དཔལ་འབྱོར་དང་། འཕྲོད་བསྟེན། ཚན་རིག་དང་བརྡ་འཕྲིན་སོགས་ཀྱི་སྒང་ནས་ཁེ་ཕན་འབྱུང་རྒྱུའི་ཡིད་ཆེས་ཡོད།  

དྲི་བ། གལ་ཏེ་ཁྱེད་རང་སྲིད་སྐྱོང་ཡིན་པའི་སྐབས་སུ་༧གོང་ས་མཆོག་སྐུ་འཚོ་བཞུགས་མེད་པ་ཆགས་ནས། ༧སྐུའི་ཡང་སྲིད་ཐད་རྒྱ་ནག་ནས་གཅིག་ངོས་འཛིན་དང་། དེ་བཞིན་བཙན་བྱོལ་ནང་ནས་ཀྱང་ཡང་སྲིད་ངོས་འཛིན་བྱེད་མཁན་བར་འགལ་ཟླ་བྱུང་ན་གནད་དོན་དེ་སེལ་ཐབས་གང་འདྲ་གནང་ས་རེད་དམ།

ལན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་མགོན་སྐྱབས་སུ་ད་དུང་མུ་མཐུད་ཡུན་རིང་བཞུགས་རྒྱུ་ཡིན་པ་ང་ལ་ཡིད་ཆེས་གཙང་མ་ཡོད།  མ་ཟད་ཁོང་སྐུ་འཚོ་བཞུགས་སྐབས་ནས་མ་འོངས་པའི་ཡང་སྲིད་སྐོར་གྱི་ལམ་སྟོན་གསལ་པོ་གནང་ངེས་ཡིན་པ་ཐེ་ཚོམ་མེད།  ཁོང་གི་ལམ་སྟོན་ཚུལ་བཞིན་འགྲོ་རྒྱུ་ནི་སྲིད་སྐྱོང་དང་བོད་མི་མང་གི་འོས་འགན་ཉག་གཅིག་ཡིན།  འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ཏན་ཏན་ཁོང་གི་ཡང་སྲིད་ལ་ཇུས་མེད་ཐེ་གཏོགས་བྱེད་ངེས་ཡིན་པ་ང་ཚོས་སྔོན་ཚུད་ནས་སེམས་ནང་དུ་གྲ་སྒྲིག་ཡོད་པ་དགོས། རང་ངོས་ནས་ཨ་རི་དང་རྒྱ་གར་གཞུང་། ནང་པའི་རྒྱལ་ཁབ་ཁག  ཡུ་རོབ་སྤྱི་མཐུན་ཚོགས་པ་སོགས་ནས་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་རྒྱལ་སྤྱིའི་ཁྲོད་དུ་ལས་འགུལ་སྣ་མང་བརྒྱུད་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་སྐོར་ཐེ་གཏོགས་བྱེད་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་མེད་པ་གསལ་འདོན་ཞུ་ངེས་ཡིན།  

དྲི་བ། ཁྱེད་རང་གིས་བྱས་ན་བོད་ཀྱི་འཐབ་རྩོད་ནང་རང་བཙན་དང་དབུ་མའི་ལམ་ལངས་ཕྱོགས་གཉིས་ཀ་དགོས་པ་ཞིག་རེད་བསམ་གྱི་འདུག་གམ། རང་བཙན་གྱིས་དབུ་མའི་ལམ་ལ་གནོད་ཀྱི་ཡོད་དམ།

ལན། རང་བཙན་དང་དབུ་མའི་ལམ་ནི་དམིགས་ཡུལ་གཅིག་ལ་ཐབས་ལམ་གཉིས་ལྟ་བུ་རེད།  དེ་གཉིས་ཀའི་དམིགས་ཡུལ་བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་སོགས་སླར་གསོ་བྱ་རྒྱུ་དང་བོད་མིའི་ངོ་བོ་དང་རིག་གཞུང་སོགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད།  

ལངས་ཕྱོགས་གཉིས་ཀའི་བར་གུ་ཡངས་དང་མཉམ་གནས་ཀྱི་འདུ་ཤེས་ཡོད་རྒྱུ་གལ་ཆེན་པོ་རེད།  དེ་འདྲ་བྱུང་ན་ལངས་ཕྱོགས་གཅིག་གིས་གཞན་དེར་གནོད་པ་གང་ཡང་འབྱུང་གི་མ་རེད། དཀའ་རྙོག་ཅི་འདྲ་ཞིག་སེལ་དགོས་རུང་དེར་བློས་གཏོང་གང་ཙམ་ཞིག་བྱེད་དགོས་པ་ནི་ཆོས་ཉིད་ཡིན་པས་ད་ལྟའི་གཞུང་འབྲེལ་གྱི་སྲིད་ཇུས་དབུ་མའི་ལམ་མུ་མཐུད་གནས་དགོས་པ་གལ་ཆེན་ཡིན།  

དྲི་བ། ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱ་ནག་ལ་མི་དགའ་བའི་སེམས་ཚོར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། ཁྱེད་རང་གིས་བྱས་ན་རྒྱ་གར་དང་ཨ་རི། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་ནང་དུ་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་ཡིན་པ་མཐོང་གི་འདུག་གམ།

ལན། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ པའི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོཊི་ཕེར་རེ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གིས་མིང་བཏགས་པའི་བོད་རང་སྐྱོང་ལྗོངས་དེ་ཉིད་ཨ་རིའི་སྲིད་འཛིན་གྱི་ངོས་ནས་རང་བཙན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་གནང་དགོས་པའི་གྲོས་འཆར་བཏོན་ཡང་གྲོས་ཚོགས་འཐུས་མི་གཞན་སུས་ཀྱང་རྒྱབ་སྐྱོར་གནང་མེད།  གནས་ཚུལ་དེས་གྲོས་འཆར་དེའི་རིགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཐོབ་ཐབས་མེད་པ་གསལ་པོ་བཏོན་ཡོད།   ང་ཚོའི་ངོས་ནས་བོད་དེ་རྒྱ་ནག་གི་བཙན་གནོན་འོག་ཏུ་གནས་ཡོད་པའི་ངོས་འཛིན་བྱེད་མཁན་གྱི་གྲོས་འཆར་མང་ཙམ་འདོན་ཐབས་བྱེད་དགོས།  འདི་ལོའི་ཕྱི་ཟླ་ ༡༡ པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་གི་དཀའ་གནད་ཟེར་བའི་སྙན་ཐོ་གལ་ཆེན་ཞིག་བཏོན་པའི་ནང་བོད་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམག་གིས་བཙན་བཟུང་འོག་ཏུ་གནས་ཡོད་ཅེས་འཁོད་ཡོད། ང་ཚོར་རྒྱབ་སྐྱོར་ཐོབ་ངེས་པ་ཡིན་པའི་གྲོས་འཆར་དེའི་རིགས་མང་ཙམ་འདོན་ཐབས་ལ་ཤུགས་སྣོན་བརྒྱག་དགོས།  

 དྲི་བ། ཁྱེད་རང་གིས་དོ་རྒྱལ་བསྟེན་མཁན་ཚང་མར་ལྟ་ཚུལ་གཅིག་མཚུངས་ཡོད་དམ་ཡང་ན་དབྱེ་འབྱེད་འདྲ་གནང་གི་ཡོད་དམ། ཁོང་ཚོ་བོད་མིའི་སྤྱི་ཚོགས་སུ་ཚུར་འགུག་ཐབས་གནང་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་གནང་གི་ཡོད་དམ། གལ་ཏེ་ཡོད་ན་གང་འདྲ་གནང་རྩིས་ཡོད་དམ།

ལན། ༧གོང་ས་མཆོག་ལ་མཚན་སྨད་དང་ཟུར་ཟ་བྱེད་མཁན་སུ་གཅིག་ལའང་ངས་ངོས་ནས་བཟོད་བསྲན་རྩ་ནས་བྱེད་ཐབས་མེད།  འོན་ཀྱང་དོལ་རྒྱལ་བསྟེན་མཁན་ཡིན་པ་ཙམ་གྱིས་སྡུག་ཅག་ཡིན་པའི་ངེས་པ་མེད་ལ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡིན་པའི་ངེས་པའང་མེད།  དོལ་རྒྱལ་བསྟེན་མཁན་ཚོའི་གྲས་སུ་རྒྱ་ནག་གཞུང་ལ་འབྲེལ་བ་མི་བྱེད་མཁན་ཚོ་དང་༧གོང་ས་མཆོག་ལ་དགའ་མཁན་ཚོ་རང་ངོས་ནས་ལོགས་སུ་འདོན་དགོས་རྒྱུ་གལ་ཆེ།  གལ་ཏེ་དེ་ལྟར་བྱུང་ན།  ང་ཚོས་ངོས་ནས་ཕར་བཅར་ཏེ་དངོས་བདེན་གོ་རྟོགས་སྤེལ་རྒྱུ་དང་རེ་ཞིག་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་མ་ཐུབ་རུང་༧གོང་ས་མཆོག་ལ་དད་མོས་ཡོད་ཚེ་ཕར་བཅར་ཆོག་པ་རེད།  

 དྲི་བ། སྤྱི་ཚོགས་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མཁོ་མེད་པའི་བསམ་ཚུལ་འཛིན་མཁན་མི་ཉུང་བ་ཞིག་འདུག་པས། དེའི་ཐོག་ཁྱེད་རང་ལ་བསམ་ཚུལ་གང་ཡོད་དམ།

ལན། ངས་རང་ཅག་བོད་མིའི་མང་གཙོ་དེ་ཉིད་ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ཇི་བཞིན་འགྲོ་དགོས་པ་གང་ཡང་མཐོང་གི་མེད།  ང་ཚོས་ག་དུས་ཡིན་ཡང་བོད་རང་གི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་བྱེད་ཆོག  བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་ཆ་དང་ལམ་ལུགས་ནི་བོད་ནང་གི་གནས་སྟངས་གཞི་བཞག་གི་སྒང་ནས་འཛུགས་བསྐྲུན་བྱས་ཡིན་པ་ང་ཚོས་ནམ་ཡང་བརྗེད་མི་རུང་།  རང་དབང་ལྡན་པའི་བོད་ཀྱི་ནང་དུ་ཆོས་རྒྱུད་ཁག་སོ་སོར་སོ་སོའི་འཐུས་ཚབ་ཡོད་ངེས་ཡིན། གྲྭ་བཙུན་རྣམས་ལ་འོས་ཤོག་གཉིས་བླུག་རྒྱུའི་གོ་སྐབས་ཡོད་པ་དེར་བསམ་ཚུལ་ཆེན་པོ་ཡོད་མཁན་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ངས་དེ་གནད་འགག་ཆེ་བ་གང་ཡང་མཐོང་གི་མེད།  དེ་ལྟ་བུའི་དམིགས་བསལ་བ་ང་ཚོའི་མང་གཙོའི་ལམ་ལུགས་ལ་མང་ཙམ་མཐོང་རྒྱུ་ཡོད་པ་དཔེར་ན་ཆོལ་ཁ་གསུམ་པོ་མི་འབོར་གྱི་ཆ་ནས་དབུས་གཙང་དང་མདོ་སྟོད་ཀྱི་མི་འབོར་མང་ཡང་འཐུས་མིའི་གྲངས་ཚད་ཆོལ་ཁ་གསུམ་ལ་གཅིག་མཚུངས་ཡིན། གྲྭ་བཙུན་གྱི་གྲངས་མང་ཤོས་དགེ་ལུགས་པ་ཡིན་ཡང་ཆོས་རྒྱུད་ལྔ་པོར་འཐུས་ཚབ་གཉིས་རེ་གཅིག་མཚུངས་ཡོད།  ང་ཚོའི་མཐར་གཏུག་གི་དམིགས་ཡུལ་ནི་བོད་མིའི་རང་དབང་སླར་གསོ་བྱས་ཏེ་བོད་མི་ས་ཡ་དྲུག་གི་མངོན་འདོད་དང་འཚམ་པའི་སྒྲིག་འཛུགས་དང་ལམ་ལུགས་ཤིག་འཛུགས་རྒྱུ་དེ་ཡིན་པས་བཙན་བྱོལ་ནང་གི་མང་གཙོའི་ལམ་ལུགས་དམིགས་བསལ་བ་ཅུང་ཙམ་ཡོད་པ་དེ་དག་རེ་ཞིག་རང་སོར་བཞག་ཀྱང་གནད་འགག་གང་ཡང་མི་འདུག་སྙམ། 

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||