ཨ་རིའི་སྒོ་རྩིས་ཚོང་གཉེར་ཁང་དུ་མེ་མདའི་དོན་རྐྱེན་འོག་མི་ ༦ བསད་ཡོད་འདུག

ཟླ་འདིའི་ཚེས་ ༢༢ ཉིན་གྱི་དགོང་མོར་ཨ་རིའི་མངའ་སྡེ་ཝར་ཇཱེ་ནེ་ཡ་(Virginia)ཡི་གྲོང་ཁྱེར་ཅེ་སཱི་པིག (Chesapeake) ནང་རྟེན་གཞི་བྱེད་པའི་ཝོ་མཱ་ཌི་ (Walmart) སྒོ་རྩིས་ཚོང་གཉེར་ཁང་དུ་མི་ཞིག་གིས་མེ་མདའ་གང་བྱུང་བརྒྱབ་ནས་མི་གྲངས་༦ བསད་ཡོད་པ་དང་གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་མངའ་སྡེ་ཝར་ཇཱེ་ནེ་ཡ་ཡི་གྲོང་ཁྱེར་ཅེ་སཱི་པིག་ནང་རྟེན་གཞི་བྱེད་པའི་ཝོ་མཱ་ཌི་སྒོ་རྩིས་ཚོང་གཉེར་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་ད་ལྟའི་ཆར་མི་གྲངས་༦ བསད་ཡོད་པ་དང་གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་པ་ཡང་རྐྱེན་ལམ་དུ་ཤོར་ཡོད་སྐོར་ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་ཡོད་འདུག

ས་གནས་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། དོན་རྐྱེན་དེ་རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༡༠།༡༢ ཐོག་ས་གནས་ཉེན་རྟོག་པར་གྲོང་ཁྱེར་ཅི་སཱི་པིག་ཝོ་མ་ཌི་ཚོང་གཉེར་ཁང་དུ་མེ་མདའ་རྒྱག་བཞིན་ཡོད་པ་ཁ་པར་བརྒྱུད་ནས་ཉེན་རྟོག་པར་ལན་འབྱོར་ཡོད་སྐོར་དང་། ཉེན་རྟོག་པས་དོན་རྐྱེན་ལྷག་ཡུལ་གྱི་ས་གནས་སུ་སླེབས་པའི་སྐབས་སྒོ་རྩིས་ཚོང་གཉེར་ཁང་ནང་དུ་མི་མང་པོ་ཤི་རྨས་བྱུང་ཡོད་པ་དང་ཚོང་གཉེར་ཁང་གི་སྒོ་འགྲམ་དུ་མི་གཅིག་བསད་ཡོད་པའི་སྐོར་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་པས་མི་མང་ལ་མེ་མདའ་བརྒྱབ་དགོས་དོན་གྱི་རྒྱབ་ལྗོངས་གང་ཡིན་ད་ལྟའི་ཆར་ཁ་གསལ་ཆགས་མེད་པ་རེད་འདུག

དེ་བཞིན་དོན་རྐྱེན་དེ་བྱུང་བའི་དགོང་མོར་དེར་ཝར་ཇཱེ་ནེ་ཡའི་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་ཡེ་སཱེ་ལུཀ་སཱེ་(Louise Lucas) ཡིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “ཨ་རི་ནང་མེ་མདའ་བརྒྱབ་པའི་དོན་རྐྱེན་གསར་ཤོས་དེ་ང་སྡོད་སའི་ས་ཁུལ་གྲོང་ཁྱེར་ཅེ་སཱི་པིག་གི་ཝོ་མཱ་ཌི་སྒོ་རྩིས་ཚོང་གཉེར་ཁང་ལ་བྱུང་བས་ངའི་སེམས་ཧ་ཅང་སྐྱོ་བྱུང་། ང་ཚོའི་རྒྱལ་ཁབ་ནང་མེ་མདའི་དོན་རྐྱེན་འོག་ཚེ་སྲོག་མང་པོ་ཤོར་ཟིན་པས། ང་ཚོས་མེ་མདའི་དྲག་སྤྱོད་ཀྱི་ནད་ཡམས་དེ་མེད་པ་བཟོ་རྒྱུ་ཐབས་ལམ་ཞིག་མ་རག་གོང་ངས་ངལ་གསོ་རྒྱག་གི་མིན” ཞེས་གསུངས་ཡོད་འདུག

གཞན་ཡང་ཉེ་ཆར་ཨ་རི་ཁོ་ལོ་རཱ་ཌོ་ (colorada )  ཁུལ་དུ་མཚན་མཐུན་མཚན་ཚོགས་ཐོག་མེ་མདའ་བརྒྱབ་ནས་མི་ ༥ བསད་པ་དང་མི་ ༡༧ ལ་རྨས་སྐྱོན་བཏང་ཡོད་པ་དང་། དེ་བཞིན་ལོ་འདིའི་ནང་ཨ་རིའི་ (Uvalde) སློབ་གྲྭའི་ནང་མེ་མདའ་བརྒྱབ་ནས་མི་ ༢༡ བསད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་ཉེན་ཅན་པས་མེག་སཱེང་ཁཱན་མི་ལ་དམིགས་འབེན་བཟུང་ནས་(El Paso) ས་ཁུལ་དུ་མེ་མདའ་བརྒྱབ་ནས་མི་ ༢༢ བསད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཆོས་གྲགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||