ཨ་རིས་རྒྱ་ནག་གཞུང་ལ་གསར་འགོད་པ་ཧྲང་ཧྲན་“འཕྲལ་དུ་གློད་གྲོལ་”གཏོང་བའི་དགོས་འདུན་བཏོན་འདུག 

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་མི་སེར་གསར་འགོད་པ་(citizen journalist) ཧྲང་ཧྲན་(Zhang Zhan) གྱི་ནད་གཞིའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་ལ་ཁོང་“ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་”པའི་དགོས་འདུན་བཏོན་ཡོད་འདུག  

ཕྱི་ཟླ་༡༡ པའི་ཨ་རིའི་ཚེས་༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱ་ཌི-ཕི་རཱ་སི་(Ned Price) ཡིས་རྒྱ་ནག་གི་མི་སེར་གསར་འགོད་པ་ཧྲང་ཧྲན་གྱི་བདེ་ཐང་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གིས་ཁོང་འཕྲལ་དུ་བཙོན་ནས་གློད་དགོས་པའི་དགོས་འདུན་བཏོན་ཡོད་འདུག 

ཕྱི་ལོ་༢༠༢༠ ཡི་འགོ་སྟོད་ལ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་(Wuhan) དུ་འཇིགས་སུ་རུང་བའི་འཛམ་གླིང་ཡོངས་ཁྱབ་ཀྱི་ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་པའི་སྐབས། རང་ལོ་༣༨ ལ་སོན་པའི་མི་སེར་གསར་འགོད་པ་ཧྲང་ཧྲན་སྙིང་སྟོབས་ཆེན་པོས་དངོས་སུ་གྲོང་ཁྱེར་དེར་ཕྱིན་ནས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་བས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག་པ་མ་ཟད། ལོ་དེའི་ཕྱི་ཟླ་༡༢ ནང་ཁོང་ལ་“རྩོད་རྙོག་དང་རྙོག་ཟིང་སློང་མཁན་”གྱི་ཉེས་པ་གཡོགས་ནས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད། 

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་“ང་ཚོའི་ངོས་ནས་ཁོང་ཁྲིམས་མེད་ལུགས་མེད་ངང་འཛིན་བཟུང་བྱས་པ་དང་། བཙོན་འཇུག་སྐབས་སུ་སྡུག་སྦྱོང་མནར་གཅོད་བཏང་བ་དེར་སེམས་འཚབ་དྲག་པོ་ཡོད་སྐོར་ཡང་ཡང་བཤད་ཡོད་”ཅེས་བརྗོད་པའི་ཁར། “ང་ཚོས་བསྐྱར་དུ་རྒྱ་ནག་དམར་ཤོག་གཞུང་ལ་ཁོང་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་པ་དང་། པེ་ཅིང་སྲིད་གཞུང་གིས་མི་མང་གི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་བརྩི་བཀུར་ཞུ་བའི་དགོས་འདུན་འདོན་གྱི་ཡོད་”ཅེས་བསྣན་ཡོད་འདུག

བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། གསར་འགོད་པ་ཁོང་གིས་ལོ་སྔོན་མའི་ཕྱི་ཟླ་༥ པའི་ནང་བཙོན་ཁང་ནས་ཟས་བཅད་ངོ་རྒོལ་བྱེད་འགོ་བརྩམས་པས། ཉེན་རྟོག་པས་འགྱིག་སྦུག་བརྒྱུད་དེ་བཙན་གྱིས་ཁོང་ལ་ཁ་ཟས་བླུད་ནས་ཡུན་རིང་ཕྱིན་པར་བརྟེན། ད་ལྟ་ཁོང་གི་ལུས་སྟོབས་ཟད་དེ་“འཆི་ཉེན་ལ་”ཐུག་ཡོད་འདུག 

འདི་ལོའི་ཕྱི་ཟླ་༩ པའི་ནང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders) ཀྱིས་གཙོས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༤༥ ཡིས་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་བསྐུར་ནས། གསར་འགོད་པ་ཁོང་གི་ལུས་པོའི་གནས་སྟངས་ལ་བརྟེན་ནས་“འཕྲལ་དུ་”གློད་གྲོལ་གཏོང་བའི་དགོས་འདུན་བཏོན་པ་མ་ཟད། མོས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གིས་མི་མང་ལ་ནད་ཡམས་ཀྱི་གནས་ཚུལ་བརྒྱུད་སྤེལ་བྱེད་པའི་སྙིང་སྟོབས་ལ་གུས་བཀུར་བསྔགས་བརྗོད་ཞུ་འོས་པ་ལས། ནག་ཉེས་གང་ཡང་བསགས་མེད་ཅེས་བརྗོད་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||