ཨི་རན་ནང་སློབ་ཕྲུག་བུ་མོ་ཚོས་ཀྱང་ངོ་རྒོལ་ནང་མཉམ་ཞུགས་ཆེན་པོ་བྱེད་བཞིན་འདུག 

ད་ལྟའི་ཆར་ཨི་རན་གྱི་གཞུང་དང་བླ་ན་མེད་པའི་དབུ་ཁྲིད། དེ་བཞིན་བུད་མེད་ཐོག་གི་ཁྲིམས་དམ་པོར་བུད་མེད་ཚོས་སྣེ་ཁྲིད་པའི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་འགྲོ་བཞིན་པ་དང་བསྟུན། སློབ་གྲྭ་ཁག་གི་སློབ་ཕྲུག་བུ་མོ་ཚོས་ཀྱང་ལས་འགུལ་དེར་མཉམ་ཞུགས་ཆེན་པོ་བྱེད་བཞིན་འདུག 

ཟླ་༡༠ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༩ པའི་ཚེས་༡༣ ཉིན་ཨི་རན་གྱི་རྒྱལ་ས་ཊེ་རན་ནང་དུ། རང་ལོ་༢༢ ཡིན་པའི་བུད་མེད་གཅིག་གིས་མགོ་རས་གྱོན་མེད་པས། བཟང་སྤྱོད་ཀྱི་ཉེན་རྟོག་རུ་ཁག་ཅེས་པའི་ཉེན་རྟོག་པས་མོ་འཛིན་བཟུང་བྱས་འདུག་པ་དང་། རྗེས་སུ་ཉིན་གསུམ་རྗེས་སྨན་ཁང་ནང་དུ་གྲོངས་ཡོད་འདུག དེ་ཡང་བུད་མེད་དེའི་ནང་མིས་བརྗོད་དོན་ལྟར་ན། ཉེན་རྟོག་པ་ཚོས་བུད་མེད་དེ་འཛིན་བཟུང་བྱས་སྐབས། མོའི་མགོ་རླངས་འཁོར་ལ་བརྡབ་པ་དང་། མོའི་མགོ་ལ་ལྕགས་རྒྱུག་གིས་བརྡུངས་བ་སོགས་རྡུང་རྡེག་བཏང་རྐྱེན་གྲོངས་བ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཉེན་རྟོག་པས་བུད་མེད་དེར་ཉེས་རྡུང་བཏང་མེད་པ་དང་མོའི་སྙིང་རྩ་གློ་བུར་དུ་འགག་ནས་གྲོངས་བ་ཡིན་སྐོར་བརྗོད་བཞིན་འདུག 

འདས་གྲོངས་སུ་སོང་མཁན་བུད་མེད་དེའི་ཕུང་འདོན་གྱི་རྗེས་སུ། བུད་མེད་ཚོས་སྣེ་ཁྲིད་ནས་གྲོང་ཁྱེར་དང་ས་གནས་འདྲ་མིན་ནས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། བུད་མེད་མང་པོ་ཞིག་གིས་མགོ་རས་གནམ་ལ་གཡུགས་པ། མགོ་རས་མེར་བསྲེགས་པ། ཨི་རན་རྒྱལ་ཁབ་ཀྱི་གནད་དོན་ཚང་མའི་ཐོག་མཐའ་མའི་ཐག་གཅོད་བྱེད་པའི་དབང་ཚད་ཡོད་མཁན་བླ་ན་མེད་པའི་དབུ་ཁྲིད་ཨཱ་ཡོ་ཏ་ལ་ཨཱ་ལི་ཁཱ་མཱི་ནཱིའི་པར་མེར་བསྲེགས་པ་སོགས་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་སྤེལ་བཞིན་འདུག རྗེས་སུ་མཐོ་སློབ་ཁང་ཁག་ཏུ་ཡང་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་འདུག 

ཨི་རན་གྱི་བདེ་སྲུང་མི་སྣ་ཚོས་ངོ་རྒོལ་བ་ཚོར་དྲག་གནོན་བྱས་ནས། ད་བར་མི་གྲངས་ཉུང་མཐར་༡༥༤ དམར་གསོད་བཏང་ཡོད་པ་རེད་འདུག 

ངོ་རྒོལ་བ་ཚོས་རྒྱལ་ཁབ་དེའི་དབང་ཆ་གཅིག་སྡུད་པ་བླ་ན་མེད་པའི་དབུ་ཁྲིད་ཁོང་གི་དབང་ཆ་མེད་པ་བཟོ་དགོས་པ། བུད་མེད་ཀྱི་ཐོབ་ཐང་ལ་བརྩི་སྲུང་དགོས་པ་སོགས་ཀྱི་དགོས་འདུན་འདོན་བཞིན་འདུག་པ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་ཨི་རན་གྱི་བུད་མེད་ཚོས་སྣེ་ཁྲིད་ནས། འདས་གྲོངས་སོང་བའི་བུད་མེད་དང་ཨི་རན་ནང་གི་བུད་མེད་ལས་འགུལ་བ་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་ལས་འགུལ་སྣ་མང་སྤེལ་བཞིན་འདུག 

ལས་འགུལ་བ་ཚོའི་ཐོག་ཏུ་དྲག་གནོན་བྱེད་བཞིན་པ་དང་བསྟུན། ཨ་རི་དང་དབྱིན་ཡུལ་སོགས་ནས་འཚེ་བའི་ཡ་ལན་དེར་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག

ཟླ་༡༠ པའི་ཚེས་༤ ཉིན་ཨི་རན་གྱི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་ཐེངས་དང་པོར་ངོ་རྒོལ་ལས་འགུལ་དེའི་ཐོག་གཏམ་བཤད་བྱས་འདུག དེ་ཡང་ཁོང་གིས་ལས་འགུལ་དེ་དག་ལ་ཟིང་འཁྲུག་ཡིན་པ་ངོས་འཛིན་བྱས་ཏེ། ཟིང་འཁྲུག་དེ་དག་ནི་ཨི་རན་གྱི་དགྲ་བོ་ཨ་རི་དང་ཨཱི་ཛེ་རིལ་གཉིས་ནས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་པ་དང་། དེ་ཡང་རྒྱལ་ཁབ་དེ་གཉིས་ནས་ཨི་རན་གྱི་སྟོབས་ཤུགས་རྒྱས་བཞིན་པར་ཕྲག་དོག་བྱེད་ཀྱི་ཡོད་པ། ཕྱི་ཕྱོགས་སུ་གནས་སྡོད་བྱེད་མཁན་རྒྱལ་ཚོང་པ་ཨི་རན་མི་རིགས་ཁག་ཅིག་གིས་ཁོང་ཚོར་རོགས་པ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཨི་རན་གྱི་བདེ་སྲུང་མི་སྣ་ཚོར་རྒྱབ་སྐྱོར་བྱས་ཏེ། ཟིང་འཁྲུག་སྐབས་སུ་བདེ་སྲུང་མི་སྣ་ཚོར་དྲང་བདེན་བྱུང་མེད་སྐོར་བརྗོད་འདུག 

ཨི་རན་གྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་གཏམ་བཤད་དེའི་རྗེས་སུ། བརྒྱུད་ལམ་ཁག་ཏུ་ས་གནས་འདྲ་མིན་ནས་སློབ་ཕྲུག་བུ་མོ་ཚོས་དབུ་ཁྲིད་དེའི་པར་ལ་ངོ་རྒོལ་གྱི་རྣམ་འགྱུར་འདྲ་མིན་བསྟན་ནས་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་བཞིན་པའི་བརྙན་ཐུང་ཐོན་བཞིན་འདུག་པས། མ་འོངས་པར་སློབ་གྲྭ་དང་མཐོ་སློབ་ཁང་ཁག་ཏུ་ལས་འགུལ་ཤུགས་ཆེ་རུ་འགྲོ་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||