ཨུ་རུ་སུས་ཡུ་ཀེ་རེན་གྱི་འབྲུ་རིགས་ཕྱིར་འདྲེན་བྱེད་རྒྱུར་གྲོས་མོལ་བྱེད་འཆར་ཡོད་འདུག

ཟླ་འདིའི་ཚེས་ ༡༩ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་ཤར་ཕྱོགས་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་དང་རྡོ་སྣུམ་གྱི་ཚོང་འབྲེལ་གྲོས་མཐུན་དང་། བདེ་སྲུང་ཐོག་མཉམ་ལས་བྱེད་ཆེད་ཨི་རན་དུ་ཕེབས་པའི་སྐབས། ཨི་རན་གྱི་སྲིད་འཛིན་ཨིབ་རཱ་ཧེམ་རེ་སེ་དང་། དེ་བཞིན་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན་བཅས་ལ་ཐུག་འཕྲད་བྱས་པའི་རྗེས། ཨུ་རུ་སུས་ཡུ་ཀེ་རེན་གྱི་འབྲུ་རིགས་མཚོ་ནག་གྲུ་ཁ་བརྒྱུད་ནས་ཕྱིར་འདྲེན་བྱེད་རྒྱུར་གྲོས་མོལ་གནང་འཆར་ཡོད་སྐོར་ཏུར་ཀི་གཞུང་གིས་འགྲེལ་བརྗོད་བྱས་འདུག

དེ་ཡང་ཡུ་ཀེ་རེན་ཕྱོགས་ནས་ལོ་ལྟར་འབྲུ་རིགས་ཏུན་ས་ཡ་མང་པོ་དབུས་ཤར་རྒྱལ་ཁབ་ཁག་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་ཀྱང་། བར་ལམ་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་པ་ནས་བཟུང་ཡུ་ཀེ་རེན་གྱི་མཚོ་ནག་གྲུ་ཁའི་འགག་སྒོ་ཁག་ཨུ་རུ་སུའི་མཚོ་དམག་གིས་བཀག་སྡོམ་བྱས་པའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་འདྲེན་བྱེད་མི་ཐུབ་པའི་གནས་སྟངས་སུ་འགྱུར་བཞིན་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༢༢ ཉིན་ཏུར་ཀིའི་རྒྱལ་ས་ཨི་སི་ཀྲིན་བྷལ་ (Istanbul) དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཀྲོ་ནེའོ་(Antonio Guterres) དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན་གཉིས་ཀྱི་གཙོ་སྐྱོང་འོག་ཨུ་རུ་སུ་དང་ཡུ་ཀེ་རེན་བར་གྱི་སྐུ་ཚབ་ནས་འབྲུ་རིགས་ཕྱིར་འདྲེན་རྒྱུའི་ཐད་གྲོས་མཐུན་མིང་རྟགས་བཀོད་འཆར་ཡོད་འདུག

དེ་བཞིན་ཡུ་ཀེ་རེན་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན། ད་ཐེངས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གཙོ་སྐྱོང་འོག་རེས་གཟའ་པ་སངས་ཉིན་འབྲུ་རིགས་ཕྱིར་འདྲེན་བཀའ་སྡོམ་ཐད་གྲོས་མཐུན་མིང་རྟགས་བཀོད་འཆར་དེར་ད་ལྟའི་འཆར་གྲོས་མཐུན་གང་ཡང་བྱུང་མེད་པས། ང་ཚོས་ཨུ་རུ་སུར་ཡིད་ཆེས་གཏན་ནས་བྱེད་ཀྱི་མེད། དེར་བརྟེན་ང་ཚོས་སང་ཉིན་གྱི་བར་དུ་མཐའ་མའི་ཐག་གཅོད་བྱ་རྒྱུར་སྒུག་ནས་བསྡད་ཡོད་པས་ཨུ་རུ་སུའི་མི་ཁག་ཅིག་གིས་འགོག་རྐྱེན་བཟོ་རྒྱུ་དང་མཐའ་མའི་དུས་སུ་འགྱུར་ལྡོག་མ་བྱུང་བའི་རེ་བ་བྱེད་བཞིན་ལུགས་བརྗོད་འདུག

ཨུ་རུ་སུ་དང་ཡུ་ཀེ་རན་གྱི་རྒྱལ་ཁབ་གཉིས་ནི་གྲོ་དང་འབྲས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཕྱིར་འདྲེན་བྱེད་མཁན་རྒྱལ་ཁབ་གཙོ་བོ་ཡིན་པ་དང་ད་ལྟའི་འཆར་གྲོ་དང་བབྲུ་རིགས་གཞན་ཏུན་ས་ཡ་ ༢༥ ལྷག་ཙམ་ཡུ་ཀེ་རེན་གྲུ་ཁར་བཀག་སྡོམ་བྱས་ཡོད་པར་བརྟེན། རྒྱལ་སྤྱིའི་ནང་འབྲུ་རིགས་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས་ད་ཐེངས་གྲོས་མོལ་དེ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཆགས་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་ཁབ་དེ་གཉིས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་འཚོ་རྟེན་བྱེད་བཞིན་ཡོད་པས། འོན་ཀྱང་པུ་ཊིན་གྱི་དམག་འཁྲུག་རྐྱེན་གྱིས་བཟའ་ཆས་ཀྱི་རིན་གོང་འཕར་བ་དང་། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ། ཆོས་གྲགས།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||