བོད་ཀྱི་གླུ་བ་ཞིག་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་གིས་ལོ་སྔོན་མའི་ལོ་མཇུག་ལ་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཤང་སྒྲོ་ཕྱོགས་ནས་ཡིན་པའི། བོད་ཀྱི་གླུ་བ་ཤྭ་བོ་བཀྲ་ཤིས་འཛིན་བཟུང་བྱས་རྗེས་ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་ཡོད་ན་ཡང་ཉེ་ཆར་ཁོང་ལ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་སིད་སུད་གནས་སྡོད་བསོད་ནམས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མའི་ནང་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་ཕྱོགས་སུ་རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་བྱུང་བར་བརྟེན། རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་ལྟར། སྐབས་དེར་བོད་རིགས་གཞོན་སྐྱེས་རྡུང་ལེན་མཁན་ད་ལྟ་རང་ལོ་༤༠ ཡིན་པ་ཤྭ་བོ་བཀྲ་ཤིས་ཀྱང་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག འོན་ཀྱང་ཉེ་ཆར་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་རྨ་ལྷོ་ཁུལ་དང་། རེབ་གོང་རྫོང་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་རང་ལུས་མེར་སྲེག་གནང་མཁན་གྱི་འདྲ་པར་བཀྲམ་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པ། ལྟ་བ་ཡག་པོ་མེད་པའི་གླུ་གཞས་བླངས་བ་སོགས་ཀྱི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་དེ་ད་ལྟ་ཁོང་ཟི་ལིང་ཁུལ་གྱི་བཙོན་ཁང་ཞིག་གི་ནང་བཙོན་འཇུག་བྱས་ཡོད་འདུག་ན་ཡང་། ཁྲིམས་ཐག་བཅད་པའི་ཟླ་ཚེས་སོགས་ཁ་གསལ་ཤེས་ཐུབ་མེད་པ་རེད།
གླུ་བ་ཁོང་ནི་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཤང་སྒྲོ་ཕྱོགས་ནས་ཡིན་པ་དང་། ནམ་རྒྱུན་གླུ་དང་རྡུང་ལེན་ལེན་རྒྱུར་དགའ་བ་དང་། ཁོང་འཛིན་བཟུང་མ་བྱས་བའི་སྔོན་དུ༼རྒྱང་རིང་གི་ཕ་ལོ།༽ཞེས་བའི་རང་གི་ཆེད་སྒྲིགས་འོད་སྡེར་མི་ཉུང་བ་ཞིག་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་ཞུས་ཏེ་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ་ཡོད་པ་རེད་འདུག་ལ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། སྐད་ཡིག་གཅེས་འཛིན། ད་དུང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་ཡོད་པའི་གླུ་གཞས་རྡུང་ལེན་ཁག་ ཅིག་བླངས་ཡོད་པ་རེད་འདུག