བོད་མི་བཞི་ལ་ཁྲིམས་ཆད།

འཇམ་དབྱངས་བསྟན་པ་ལ་ལོ་༧ གྱི་ཁྲིམས་ཆད། པོ་ཧྲི་དང༌། དར་རྒྱས་གཉིས་ལ་ལོ་གཉིས་དང་ཕྱེད་ཀྱི་རིང་ཁྲིམས་ཐག་བཅད་ཡོད་ནའང༌། ད་ལྟ་ས་གནས་གང་དུ་ཁྲིད་ཡོད་ཤེས་ཀྱི་མེད་འདུག ཁོང་ཚོར་འདི་ལོའི་ཕྱི་ཟླ་༣ པའི་ནང་ཀླུ་ཆུ་རྫོང་དུ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ལ་བརྟེན་ནས་འཇུ་བཟུང་ཁྲིམས་ཆད་བཅད་པ་ཡིན་འདུག

ཤིས་ཚང་དཔོན་སྐོར་སྡེ་བའི་ཡུལ་མི་སྟག་ལྷ་དང༌། ལྷ་མོ་སྐྱབས། ཀླུ་སྒྲུབ། ཚེ་རིང་སྐྱབས། རྟ་མགྲིན་མགོན་པོ། ལྕགས་ཐར་བཅས་ལ་ད་དུང་ཁྲིམས་ཐག་བཅད་མེད་པར་མུ་མཐུད་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཡང་འདུག ཕྱི་ཚེས་༢༢ ཀླུ་ཆུ་རྫོང་གི་ཆོས་དོན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཤིས་ཚང་དགར་སར་དགོན་པར་ཡོང་ནས། གྲྭ་མང་ལ་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་དང༌། སྐབས་དེར་རང་ལོ་༡༨ མ་སོན་པ་རྣམས་ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་འདུག།