ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན།

སྤྱིར་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ནི་ཞི་བདེ་རྒྱ་མཚོའི་ཉེ་འཁོར་དུ་ཆགས་པའི་ཨ་རི་དང༌། ཨུ་རུ་སུ། རྒྱ་ནག ཉི་ཧོང༌། ཨོ་སི་ཊུ་ལི་ཡ། ཁེ་ན་ཌ་སོགས་རྒྱལ་ཁབ་༤༢ ཚུད་ཡོད་ཀྱང་ཚོགས་ཆེན་ནང་རྒྱལ་ཁབ་༢༡ ཞུགས་ཆོག་མེད་པ་རེད། རྒྱུ་མཚན་ནི་ཕྱི་ལོ་༡༩༨༩ ལོར་ཨོ་སི་ཊུ་ལི་ཡའི་སྲིད་བློན་བྷོབ་ཧོ་ཀེ་ནས་ས་གནས་དེའི་རྒྱལ་ཁབ་རྣམས་ཀྱི་ཚོང་འབྲེལ་ཡར་རྒྱས་ཡོང་ཕྱིར་ཚོགས་བསྐོང་བྱས་པ་དང༌། སྐབས་དེར་ཉི་ཧོང་དང་ཨ་རི་གཉིས་ནས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། ༡༩༩༡ ལོ་སླར་ཡང་ཚོགས་ཆེན་དེ་ཚོགས་ནས་ཚོགས་མི་རྒྱལ་ཁབ་གསུམ་མང་དུ་ཕྱིན་པ་དང༌། སྐབས་དེར་ཚོགས་མི་གསར་པ་ཞུགས་པར་ཆ་རྐྱེན་བཏོན་པ་དང་ལོ་རེ་ལ་ཐེངས་རེར་ཚོགས་རྒྱུ་སོགས་སྒྲིག་འཛུགས་དང་ལྡན་པའི་གྲོས་ཆོད་བཞག་པ་ཡོད་པ་རེད།

ས་གནས་དེ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སོགས་ཀྱིས་ཕན་ཚུན་ཚོང་དང་འགྲིམ་འགྲུལ་སོགས་བརྗེ་ལེན་བྱེད་སའི་ལྟེ་གནས་གཙོ་ཆེ་ཤོས་དེ་ཡིན་ཞིང༌། ༢༠༠༧ ལོར་ཚོགས་ཆེན་དེ་རྒྱལ་ས་སི་ད་ནི་ལ་འཚོགས་ཤིང༌། རྫས་ཀྱི་ནུས་པ་དང་འབྲེལ་བའི་ཚོང་རིགས་ཡར་རྒྱས་མི་གཏོང་རྒྱུར་གྲོས་གཞི་བཏོན་ཡོད་པ་རེད། ཚོང་གི་མཉམ་ལས་ནང་ཞུགས་ཆོག་པའི་སྙན་ཞུ་ཕུལ་བར་ཨ་རི་དང༌། ཉི་ཧོང་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ཀྱང་༢༠༡༠ བར་ཚོགས་མི་གསར་ཞུགས་ཆོག་གི་མེད་པ་རེད། ལོ་འདིའི་ཚོགས་ཆེན་ལ་མཚོན་ན། ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་རེད། ཚོགས་ཆེན་འདིའི་ནང་རྒྱལ་ཁབ་སྟོབས་ཆེན་ཕལ་ཆེ་བ་འཛོམས་པ་དང༌། རྒྱལ་ཁབ་སོ་སོའི་གྲོས་གཞི་བཏོན་པ་དང་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད་འདུག་ཀྱང༌། སྐབས་དེར་ཨ་རིའི་སྐུ་ཚབ་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་མ་ཕེབས་པར་སྲིད་འཛིན་ལས་ཐོག་བྷུ་ཤི་ཕེབས་པས་རྒྱལ་ཁབ་དུ་མས་བསམ་འཆར་ཐོན་ཡོད་པ་རེད། གཞི་རྩའི་ད་ཆ་ཨ་རིའི་ཕྱི་ཚོང་གི་འཆར་གཞི་ནི་རྒྱལ་སྤྱི་ལ་ཧ་ཅང་གལ་གནད་ཆེ་བའི་གནས་ཤིག་ཡིན་པ་རེད། དེ་དང་འབྲེལ་བར་མེག་སི་ཁོའི་སྲིད་འཛིན་ཁལ་ཌི་རོན་མཆོག་གིས་ཚོགས་ཆེན་གྱི་སྐུ་ཚབ་རྣམས་ལ་གསུང་དོན། འབྱུང་འགྱུར་ཨ་རིའི་ཆབ་སྲིད་ཀྱི་འཛིན་སྐྱོང་བརྟན་ལྷིང་ཡོང་རྒྱུ་ནི་ཨ་རིའི་རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་ཚང་མ་ལ་ཕན་གནོད་ཆེ་བ་ཞིག་ཡིན་ཞེས་གསུངས་པ་རེད། ཚོགས་ཆེན་དེར་ཨོ་བྷ་མ་དངོས་སུ་ཚོགས་བཅར་མ་ཐུབ་ཀྱང་སྐུ་ཚབ་ཞིག་བཏང་ནའང་རྒྱལ་ཁབ་གཞན་རྣམས་ཀྱི་ཡིད་ཆེས་དང་རེ་བ་སྐོང་རྒྱུར་ཁྱད་པར་ཡོད་འདུག སྐབས་དེར་སྲིད་འཛིན་བྷུ་ཤི་མཆོག་གི་གསུང་བཤད་ནང་བྷ་རག་ཨོ་བྷ་མའི་དཔལ་འབྱོར་གྱི་འཆར་འགོད་ལ་བསམ་འཆར་བཏོན་པ་དང༌། དཔལ་འབྱོར་ལྷན་ཁང་དང་དབུས་དངུལ་ཁང་སྟངས་འཛིན་བྱེད་མཁན་གྱི་ཉི་ཤུའི་རུ་ཁག་ཟེར་བའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆེ་ཤོས་ཉེར་ལྔ་ལས་བཅུ་དགུ་ཡིས་གྲུབ་པའི་ཚོགས་ཆུང་ཞིག་ཡོད་ཅིང་དེ་ནི་རྒྱལ་སྤྱིའི་དངུལ་རྩིས་ལམ་ལུགས་ཐོག་ལམ་སྟོན་དང་མཉམ་ལས་བྱེད་ས་ཞིག་ཡིན་པ་དང༌། ཚོགས་ཆེན་ཐེངས་རྗེས་མར་རྒྱལ་སྤྱིའི་དཔལ་འབྱོར་གྱི་དཀའ་གནད་སེལ་བར་ཕན་རླབས་ཆེ་བས་དེར་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ་ཚུལ་སྐོར་གྱི་སྐུལ་སློང་བྱས་ཤིང༌། དེ་དང་ཆབས་ཅིག་ཁོང་གིས་ཚོང་འབྲེལ་དང་ཡོང་འབབ་ནི་རང་ཉིད་ཀྱི་འཛིན་སྐྱོང་ནང་གཙོ་བོར་འཛིན་གྱི་ཡོད་ཅེས་བརྗོད་པར། ཨོ་བྷ་མའི་ངོས་ནས་ཨ་མི་རི་ཀའི་རྒྱལ་ཁབ་རྗེས་ལུས་རྣམས་ལ་རྩིས་མེད་དང་འབྲེལ་བ་བྱུང་མེད་སྐོར་བརྗོད་པ་དང༌། ཁོང་གི་མགྲིན་ཚབ་པ་ཨེན་ཌ་སོན་གྱིས་ཨོ་བྷ་མ་མཆོག་གིས་རྒྱལ་ཁབ་ཀུན་གྱི་སྐྱེ་བོ་ཡོད་དོ་ཅོག་གི་ལས་ཀ་དང་རྒྱལ་སྤྱིའི་སྤྱི་ཡོངས་འཕེལ་རྒྱས་ལ་ཕན་པའི་སྲིད་བྱུས་འདོན་རྒྱུར་ཡིད་ཆེས་ཡོད་རེད་ཅེས་གསར་འགོད་གསལ་བསྒྲགས་ནང་བརྗོད་འདུག ལོ་འདིའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་སུ་ཕེབས་པའི་རྒྱལ་ཁབ་རྣམས་ཀྱི་སྐུ་ཚབ་དཔོན་རིགས་རྣམས་ཀྱིས་ཨོ་བྷ་མ་ཚོགས་ཆེན་ལ་ཡོང་མིན་ལ་མ་ལྟོས་པར་ཨ་རི་ལ་རེ་བ་ཆེན་པོ་བརྒྱབ་པ་དང་ལྷག་པར་དུ་ཁོང་དང་མཉམ་དུ་མཉམ་ལས་ཆེ་རུ་གཏོང་རྒྱུའི་འདུན་པ་བཏོན་ཡོད་ཅིང༌། ཚོགས་ཆེན་འདིའི་གོ་སྐབས་དང་བསྟུན་ནས་ཨ་རིའི་སྲིད་འཛིན་བྷུ་ཤི་མཆོག་ལ་ལས་ཐོག་ནས་ཕྱིར་ཐོན་པར་ཕེབས་སྐྱེལ་གྱི་མཚམས་འདྲི་ཞུས་པ་དང༌། བྷུ་ཤི་མཆོག་ནས་ཀྱང་ཚོང་འབྲེལ་གུ་ཡངས་དང་ཡར་རྒྱས་སྲ་བརྟན་ཡོང་བར་དམ་བཅའ་གནང་ཡོད་པ་འཁོད་འདུག ཚོགས་ཆེན་འདིའི་མཇུག་འབྲས་སུ་རྒྱལ་ཁབ་ཕན་ཚུན་ཚོང་ལས་ཡར་རྒྱས་དང་ཉམས་ཐག་དབུལ་ཕོངས་མེད་པ་བཟོ་རྒྱུ། ལས་ཀ་མང་དུ་གཏོང་རྒྱུ། མཉམ་འབྲེལ་གྱི་དངུལ་ཁང་ལ་ཆེ་མཐོང་བྱེད་རྒྱུ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་རོགས་སྐྱོར་བྱེད་རྒྱུ་སོགས་གྲོས་ཐག་བཅད་པ་དང༌། ཁོང་ཚོས་ཞི་བདེ་རྒྱ་མཚོའི་ཉེ་འཁོར་རྒྱལ་ཁབ་རྣམས་སུ་ཚོང་འབྲེལ་ཆེ་རུ་བཏང་ནས་ཟླ་བ་༡༢ ནང་ཡར་རྒྱས་ཀྱི་འགྱུར་བ་ཆེན་པོ་ཐོན་པའི་ཚིག་ཐོ་བཀོད་ཡོད་ལ། ལྷག་པར་དུ་རྣམ་གཤིས་འགྱུར་བ་དང༌། ཁོར་ཡུག་ཡར་རྒྱས། དབུལ་ཕོངས་མེད་པ་བཟོ་རྒྱུ། འཇིགས་སྐུལ་རིང་ལུགས་དང་ནད་རིགས་ལ་ཁ་གཏད་གདོང་ལེན་བྱེད་རྒྱུ་སོགས་ལ་མོས་འཐུན་བྱུང་ཡོད་པ་རེད། འོན་ཀྱང་མནོ་བསམ་བཞེས་དགོས་པ་ཞིག་ལ་ད་ལྟའི་ཆར་འཛམ་གླིང་གི་དཔལ་འབྱོར་ལ་འཇིགས་སྣང་དང་སེམས་ཁུར་གྱིས་མགོ་འཁོར་ནས་ཉེ་ལམ་ཨིན་དྷུ་ནི་ཤི་ཡའི་ནང་གོ་ལའི་ཚ་དྲོད་ཁོལ་བ་དང༌། བོད་ཀྱི་མཐོ་སྒང་ནས་གངས་རྣམས་བསམ་ཡུལ་ལས་འདས་པའི་ངང་སྔར་ལས་ལྷག་པར་ཞུ་བ་དང་གངས་རུད་ཐེངས་༡༥༠༠༠ ཙམ་བརྒྱབ་པ་དང༌། འཛམ་གླིང་གི་མཐོ་སྒང་ནས་ཆད་པའི་ཆུ་བོ་ཡན་ལག་བརྒྱད་ལྡན་སྟེ། འཛམ་གླིང་མི་མང་བརྒྱ་ཆ་༦༠ ཙམ་གྱི་འཚོ་རྟེན་གྱི་བཞུར་རྒྱུན་དུ་གྱུར་པའི་རྨ་ཆུ་དང་སེང་གེ་ཁ་འབབ་སོགས་ཆུ་བོ་རྣམས་ལ་འགྱུར་བ་ཐེབས་པས། ལྷོ་ཨེ་ཤ་ཡའི་མི་དུང་ཕྱུར་དུ་མར་འཐུང་ཆུ་མེད་པ་ཆགས་པའི་ཉེན་ཁ་ཡོད་པ་དང༌། མ་འོངས་པར་གནམ་གཤིས་ལ་འཕོ་འགྱུར་ཆེན་པོ་ཐེབས་ནས་ཉེན་ཁ་ཡོང་སྲིད་པར། སྐབས་འདིའི་ཞི་བདེ་རྒྱ་མཚོའི་ཚོགས་ཆེན་ནང་དེ་དང་འབྲེལ་བའི་གྲོས་གཞི་བྱུང་མེད་པ་ནི་བློ་ཕམ་གྱི་གནས་ཤིག་ཡིན་པ་རེད། ད་ལྟའི་ཆ་ལ་འཛམ་གླིང་གི་ཁྲོམ་ར་ལ་མཚོན་ན། ཨེ་ཤ་ཡའི་ཁྲོམ་ར་ཤུགས་ཆེན་པོར་འཕར་བཞིན་ཡོད་ཀྱང་རྒྱ་ནག་རྒྱ་ཆ་གྲངས་ཆུང་༤ ཙམ་གྱིཉམས་ཆག་ཕྱིན་པ་དང༌། དེ་ནི་ལོ་དགུ་རིང་བྱུང་མྱོང་མེད་པ་ཞིག་ཡིན་འདུག ད་ལྟའི་སྐབས་སུ་རྒྱ་གར་གྱི་ཁྲོམ་ར་ཆ་སྙོམས་ཐོག་གནས་ཡོད་པ་དང༌། ཡོ་རོབ་ཀྱི་ཁྲོམ་ར་ཁྱོན་ཡོངས་ནས་ཉམས་ཆག་ཏུ་འགྲོ་མུས་ཡིན་པ་རེད།།