སླར་ཡང་འགོ་འཛུགས་ས་དེར་སླེབས་ཡོད།

ཚོགས་ཆེན་འདི་ལྟ་བུ་འདས་པའི་དུས་སུ་བྱུང་མྱོང་མེད་ལ། མ་འོངས་པའི་ཆར་ཡང་འདི་ལྟ་བུའི་གལ་ཆེའི་མི་སྣ་མང་པོ་ཞིག་འཛོམས་ཐུབ་མིན་ཧ་ཅང་བཤད་ཁག་པོ་རེད། ཚོགས་ཆེན་འདིར་བཀའ་བློན་ཡོངས་རྫོགས་དང་སྤྱི་འཐུས་ཡོངས་རྫོགས། ལྷག་པར་དུ་བོད་རྒྱའི་རྩོད་རྙོག་གི་མགོ་མཇུག་བར་གསུམ་དུ་རྒྱུས་མངའ་ཆེན་པོ་ཡོད་པའི་བཀའ་ཟུར་ཧ་ཅང་མང་པོ་ཞིག་ཕེབས་ཡོད་པ་དང༌། མཁས་དབང་དང་རྩོམ་པ་པོ། གཞུང་ཞབས་ལས་བྱེད། ས་གནས་མི་མང་གི་སྐུ་ཚབ་སོགས་མང་པོ་ཕེབས་ཡོད་པ་མ་ཟད། བོད་ནང་ནས་བོད་མི་ཆིག་ཁྲི་བདུན་སྟོང་ལྷག་གི་བསམ་ཚུལ་ཡང་བསྡུ་རུབ་ཐུབ་པ་བྱུང་འདུག་པས། ཚོགས་ཆེན་འདི་ནི་ཧ་ཅང་གལ་ཆེན་པོར་གྱུར། ད་རེས་གཟའ་ཉི་མའི་ཉིན་སྐུ་ཚབ་རྣམ་པས་འབྲེལ་མོལ་ཐེངས་བརྒྱད་པའི་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་བ་དང༌། སྐབས་དེར་བོད་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་ཕུལ་བ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་འགྲེམས་སྤེལ་གནང་ཡོད་པ་རེད། ༡༩༧༩ ནས་ཤར་ལ་ཉེ་བའི་༢༠༠༩ ལོའི་བར་མི་ལོ་སུམ་ཅུ་ཙམ་གྱི་རིང་བོད་རྒྱའི་འབྲེལ་ལམ་དེ་སྐོར་ར་ཞིག་བརྒྱབ་ནས་སླར་ཡང་སྔ་མའི་འགོ་འཛུགས་ས་དེ་རང་དུ་སླེབས་ཡོད་པ་ལྟ་བུ་རྒྱ་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་དང༌། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསར་འགོད་པ་ཞིག་གི་དྲི་བར་ལན་འདེབས་གནང་བ་ཡང་དེ་དང་གཅིག་མཚུངས་སུ་གྱུར་འདུག དེ་ནི་ད་བར་མི་ལོ་སུམ་ཅུའི་རིང་ང་ཚོས་རྒྱ་ནག་གཞུང་ལ་རེ་བ་རྒྱག་སའི་རྨང་གཞིའམ། རྩ་བ་ལྟ་བུར་གྱུར་པ་ཏིང་ཞའོ་ཕིང་གིས་རང་བཙན་ཕུད་པའི་དོན་དག་གཞན་ཚང་མ་གྲོས་མོལ་བྱེད་ཆོག་ཅེས་སྐུའི་གཅེན་པོ་ལ་གསུངས་པ་དེ་རེད་ལ། བོད་རྒྱའི་གནད་དོན་སྐོར་སྐད་ཆ་བཤད་མཁན་ཞིག་ཡིན་ཕྱིན་གནད་དོན་དེ་ནས་འགོ་འཛུགས་མི་བྱེད་ཀ་མེད་དུ་གྱུར་ཡོད། དེ་ལས་ལྷག་པར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱི་ཁ་ཕྱོགས་བསྒྱུར་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་སྐད་ཆ་དེ་རང་ལ་ཐུག་ཡོད། ད་ལྟའི་དུས་འདིར་རྒྱ་ནག་གཞུང་གིས་ཏིང་ཞོ་ཕིང་གིས་བཤད་པའི་སྐད་ཆ་དེ་ཡང་ཁས་ལེན་གཏན་ནས་བྱེད་ཀྱི་མེད་པར་བརྟེན། བོད་རྒྱའི་འབྲེལ་མོལ་དེ་མི་ལོ་སུམ་ཅུའི་རིང་སྐོར་ར་བརྒྱབ་ནས་སླར་ཡང་འགོ་འཛུགས་ས་དེ་རང་དུ་སླེབས་འདུག་ཅེས་བརྗོད་དགོས་དོན་དེ་རེད། དེར་བརྟེན་ང་ཚོའི་ངོས་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་གསལ་པོ་ཞིག་བཟོ་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད། གཅིག་ནས་མུ་མཐུད་སྐུ་ཚབ་རྣམས་སྔར་ལམ་ལྟར་ཕེབས་དགོས་དང་མི་དགོས། ༢༠༠༢ ལོར་འབྲེལ་བ་འགོ་འཛུགས་བྱས་ནས་ད་བར་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་༩ ཙམ་བྱུང་ཡོད་ཀྱང༌། བོད་མི་རིགས་ལ་ཕན་པའི་གྲུབ་འབྲས་གང་ཡང་སོན་མེད་ཅེས་བཤད་ཆོག གནད་དོན་འདི་དག་ལ་གཞིགས་ནས་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང༌། ྋགོང་ས་མཆོག་གིས་བོད་མི་མང་ལ་རྩ་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ལ་བསམ་ཚུལ་གང་ཡོད་དང༌། གྲ་སྒྲིག་གང་ཡོད་ཕྱོགས་གཅིག་ཏུ་སྤུངས་དགོས་པའི་དུས་ལ་སླེབས་ཡོད་ཚུལ་གསུངས་ཡོད་པར་བརྟེན། མི་མང་གི་ངོས་ནས་ཀྱང་ཁྱེད་ཤེས་ཁྱེད་མཁྱེན་ཁོ་ན་ཙམ་མིན་པར་འགན་ཁུར་ནས་བསམ་ཚུལ་འདོན་དགོས་པ་དང༌། གྲུབ་འབྲས་བཟང་ངན་གང་བྱུང་ཡང་འགན་ཁུར་དེ་ྋགོང་ས་མཆོག་གཅིག་པུའི་དབུ་ཐོག་ཏུ་གཡུགས་རྒྱུའི་དུས་ཚོད་ཅིག་གཏན་ནས་མིན། ད་ལྟའི་ལམ་འདི་རང་གི་ཐོག་ཏུ་ཕེབས་ནས་གྲུབ་འབྲས་ག་ཚོད་ཅིག་ཐོབ་ཐུབ་མིན་འདས་པའི་མི་ལོ་སུམ་ཅུའི་དངོས་ཡོད་གནས་ཚུལ་ལ་གཞི་བཞག་ནས་གྲ་སྒྲིག་གསར་པ་གནང་རྒྱུ་ག་རེ་ཡོད་མེད། དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་དང༌། ཡང་ན་ད་ལྟ་འགྲོ་བཞིན་པའི་ལམ་འདི་ཅམ་འཇོག་བྱས་ནས་སླར་ཡང་རང་བཙན་འཐབ་རྩོད་ཀྱི་ཕྱོགས་སུ་གོམ་པ་སྤོས་ནས། གྲ་སྒྲིག་གང་དང་གང་དགོས་མིན། ལས་འཆར་གང་དང་གང་དགོས་མིན་སོགས་གསལ་སྟོན་དགོས་པ་དེ་ཧ་ཅང་གལ་ཆེ། དེ་མིན་ལྟ་གྲུབ་རྐྱང་པའི་རྩོད་པ་ཙམ་བརྒྱབ་ནས་དུས་ཚོད་འཁྱོལ་ཐབས་བྱས་ན་ྋགོང་ས་མཆོག་ཞལ་བཞུགས་ཤིང་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་རྒྱུར་གསེར་ལྟ་བུའི་དུས་ཚོད་དེ་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། དམིགས་བསལ་ཚོགས་ཆེན་འདིར་སྤྱི་ཡོངས་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་སྐུ་དབང་མེད་པ་ལྟ་བུ་ཡིན་ཡང༌། ཚོགས་ཆེན་འདིའི་གྲུབ་དོན་ལ་གཞིགས་ནས་མ་འོངས་པར་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་པ་ལྟ་བུའི་ལམ་ཕྱོགས་ཤིག་ལ་བསྐྱོད་ཐབས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ་ལ། གཞན་ལུས་སྦྱོང་གློག་ཆས་ཀྱི་ཐོག་ནས་རྒྱུགས་ཤར་གློད་པ་བཞིན་ཇི་ལྟར་རྒྱུགས་ཀྱང་སླེབས་ས་གང་ཡང་མེད་པའི་གནས་སྟངས་འདི་ལ་འགྱུར་བ་ཞིག་གཏོང་རྒྱུའི་དུས་ལ་སླེབས་ཡོད།།