ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

བོད་ཀྱི་དམངས་ཁྲོད་ངག་རྒྱུན་དང༌། ཡིག་ཆ་ཁག་ཏུའང་འདི་བཞིན་གསལ་ཏེ། རྗེ་ལ་སྔ་མ་གཉའ་ཁྲི་བཙན་པོ་དང༌། མཁར་ལ་སྔ་བ་ཡུམ་བུ་བླ་སྒང༌། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན་ཞེས་ཡོངས་སུ་གྲགས་པ་ལྟར། དེང་དུས་ང་ཚོས་བོད་ཀྱི་རྒྱལ་པོ་ཐོག་མ་དེ་གཉའ་ཁྲི་བཙན་པོ་ཡིན་པར་འདོད་ཅིང་དོན་ལའང་གནས་ཡོད་ཀྱང༌། སྐབས་དེ་དང་དེའི་དུས་སུ་གཉའ་ཁྲི་བཙན་པོའང་གངས་ལྗོངས་ཀྱི་ཡུལ་འདི་ན་རྒྱལ་ཕྲན་མང་པོ་ཡོད་པའི་ནང་གི་རྒྱལ་ཕྲན་བྱེ་བྲག་པ་ཞིག་ཡིན་པས་རིམ་བཞིན་འབུར་དུ་ཐོན་འོངས་པའི་རྣམ་ཞིག་ཏུ་ངེས་ཏེ། དེབ་ཐེར་ཁག་ཏུ། གཉའ་ཁྲི་བཙན་པོས་སུམ་པའི་དཔོན་ཨ་ཡོངས་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་བསྡུ་ཞེས་དང༌། གནམ་རིའི་སྐབས་སུ་ཟིང་པོ་རྗེ་སྟག་སྐྱ་བོ་བཏུལ་ཅིང༌། ཟིང་པོ་རྗེ་ཁྲི་པང་གསུམ་འདུལ་ཐབས་བྱེད་ཀྱི་ཡོད་ཚུལ་སོགས་འཁོད་ཡོད་པ་དེ་དག་ལ་གཞིག་ན་ཤེས་ནུས་པ་དང༌། ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་སྲོང་བཙན་གྱིས་བོད་ཀྱི་རིགས་རུས་ས་ཁོངས་དང་བཅས་པ་གཅིག་གྱུར་དུ་བཟོས་པའི་རླབས་ཆེན་གྱི་མཛད་རྗེས་བཞག་ཟིན་རྗེས་སྲོང་བཙན་གྱི་རྒྱལ་རྒྱུད་རྩད་གཅོད་ཡས་འདེད་ཀྱིས་གཉའ་ཁྲི་ལ་ཁུངས་བཏུག་པ་ལྟ་བུ་ལས། སྲོང་བཙན་མ་བྱོན་པའི་སྔ་རོལ་ན་བོད་ཀྱི་རྒྱལ་རྒྱུད་དེ་དག་རྩ་ཆེན་དུ་བརྩིས་པ་མི་སྣང་ངོ༌། །དཔེར་ན། སྲོང་བཙན་གྱི་མི་རབས་ལྔའི་སྔོན་ན་བྱུང་བའི་ལྷ་ཐོ་ཐོ་རིའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་བཅུ་ཕྲག་རིམ་པའི་ནང་དུ་འདས་ལ། དེའི་ཡས་ཀྱི་རྒྱལ་རྒྱུད་ཕལ་མོ་ཆེའི་འཁྲུངས་འདས་སོགས་ཁ་གསལ་གོ་བདེ་ཡིད་རྟེན་འཕེར་བ་གཅིག་ཀྱང་སྟོན་རྒྱུ་མེད་པ་མ་ཚད། བོད་ཀྱི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོའི་འཁྲུངས་འདས་ལའང་བཞེད་པ་མི་མཐུན་པའི་ཁྱད་པར་མང་དག་ཡོད་པ་སོགས་ཀྱིས་ཤེས་ནུས་སོ། །

གཅིག བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་གང་ནས་བྱུང་ཚུལ་བཤད་པ་ལ་གཞན་པས་བསམ་ནོར་གྱི་བཤད་སྲོལ་ཁག་ལ་བསམ་གཞིག་བྱ་རྒྱུ་དང༌། དངོས་དོན་བདེན་ཐོག་གི་རང་ལུགས་གཏན་ལ་ཕབ་པ་གཉིས་སོ། དང་པོ། ཁ་ཅིག་གིས། གཉའ་ཁྲི་བཙན་པོ་རྒྱ་གར་གྱི་ཤཱཀྱའི་རྒྱལ་རིགས་ལས་ཆད་ཚུལ་འདོད་པ་དང༌། ཡང་གཞན་གྱིས་གཉའ་ཁྲིའི་གདུང་རྒྱུད་རྒྱ་ནག་ནས་ཆད་ཚུལ་བཤད་པ་གཉིས་སོ། །དང་པོ་རྒྱ་གར་ནས་བྱུང་ཚུལ་བཤད་པ་དེ་ནི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བྱུང་བ་ཞིག་ཡིན་ཚོད་སྣང་བས། དེ་ཡང༌། ལྷ་ལས་ཕུལ་བྱུང་གི་སྟོད་འགྲེལ་ནི་དུས་རབས་བཅུ་གཅིག་པའི་ནང་བོད་སྐད་དུ་བསྒྱུར་ཅིང༌། དེའི་ནང་དུ་རྒྱལ་པོ་རུ་པ་ཏི་ཡིས་རང་གི་དགྲ་ལས་གཡོལ་ཕྱིར་ཧི་མ་ལ་ཡའི་རི་རྒྱུད་དུ་བྲོས་ཚུལ་འཁོད་ཅིང༌། སྒྲུང་དེ་ཉིད་ཀྱིས་གཅིག་ནས་བོད་ཀྱི་མིའི་འབྱུང་ཁུངས་བརྗོད་པའི་ལྷ་སྒྲུང་དུ་འགྲེལ་བརྗོད་བྱས་པ་དང༌། གཉིས་ནས་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སྐོར་གྱི་ལྷ་སྒྲུང་དང་འབྲེལ་བ་བྱས་ཡོད། དོན་དངོས་ཐོག་སྒྲུང་དེ་དང་བོད་མིའི་འབྱུང་ཁུངས་དང་རྒྱལ་པོའི་འབྱུང་ཁུངས་ཀྱི་ལྷ་སྒྲུང་སྐོར་འབྲེལ་བ་ཅི་ཡང་མ་མཆིས་ཞེས་གཞན་གྱིས་བཤད་ཅིང༌། དཔའ་བོ་གཙུག་ལག་འཕྲེང་བས་ཀྱང༌། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཤེས་རབ་གོ་ཆས་མཛད་པར་སྔོན་སྐྱ་སེང་གི་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཅེས་པ་འཁོར་བརྒྱ་དང་བཅས་ལ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་འཕེལ་བ་ལ་དེང་སང་ཡང་བོད་ཅེས་གྲགས་སོ། །ཞེས་བྱུང་བ་ཡང་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ་རུ་པ་ཏི་གཉའ་ཁྲི་བཙན་པོར་བྱེད་ན་དེའི་གོང་དུ་མི་མང་དུ་ཡོད་པར་གྲགས་པ་དང་འགལ་བའི་ཕྱིར་དང༌། མིན་ན་ཡང་བོད་ཡུལ་ན་ཤཱཀྱའི་རྒྱལ་བརྒྱུད་གཞན་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་ཏུ་ཟད་ཏོ་ཞེས་དཔྱད་བརྗོད་མཛད་ཡོད་པ་དང༌། ཡང་ཁོང་གིས། གསང་བ་ཆོས་ལུགས་འཇམ་དཔལ་རྩ་རྒྱུད་ལས། །ལི་ཙཱ་ཝི་ཡི་རིགས་བྱུང་ཞེས་གསུངས་ཕྱིར། །རིགས་མཆོག་གོ་ཏམ་ཤཱཀྱའི་བརྒྱུད་པར་གསལ། །འདི་དག་ཏུ་ལི་ཙཱ་ཝེའི་བརྒྱུད་པ་གཟུགས་ཅན་སྙིང་པོ་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡིན་བྱ་བ་དང༌། གཏུམ་པོ་རབ་སྣང་གི་བུ་ཤར་པ་ཞེས་བྲིས་པ་དང༌། །སྟོན་པ་ཤཱཀྱའི་རྒྱལ་པོ་བྱོན་པའི་འོག་ཏུ་སྐྱ་སེང་བུ་ལྔ་སོགས་བྱུང་བར་བྱས་ནས་རུ་པ་ཏི་ལུང་བསྟན་གྱི་མདོ་ཡོད་བྱ་བ་དང༌། །ཀུན་མཁྱེན་བུས་སྟོད་འགྲེལ་གྱི་ལུང་གིས་བོད་སྤྱི་མི་རྣམས་རུ་པ་ཏི་ལས་འཆད་པ་དང༌། །བོད་ས་ལའི་རྒྱལ་པོ་འཆར་བྱེད་དམ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལམ།། གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཅིག་སོར་མོ་དྲ་བས་འབྲེལ་པ་སོགས་མཚན་ལྡན་ཞིག་བྱུང་བ་ལྟས་ངན་དུ་དོགས་པས་ཟངས་སུ་བཅུག་ཆུར་བསྐྱུར་བ་ཞིང་པར་བརྙེད་ནས་གསོས་པ་ཕྱིས་སྐྱོ་བས་བྲོས་པ་བོད་ཀྱི་རྗེར་བཅོལ་ཞེས་སོགས་མང་དུ་སྣང་ཡང་དག་པར་མ་མཐོང་སྟེ་སྐྱ་སེང་བུ་ལྔ་ནི་སྟོན་པ་ལས་ཆེས་སྔ་སྟེ་སྟོན་པ་དགའ་ལྡན་ནས་གཤེགས་ཚེ་འཇམ་གླིང་གི་གང་དུ་སྐྱེ་བར་རིགས་ཞེས་ལྷ་རྣམས་འགྲོ་བ་ན་ལྷའི་བུ་ཁ་ཅིག་གིས་སྐྱ་སེང་གི་རྒྱུད་གླང་པོའི་གྲོང་གི་རྒྱལ་པོ་འདི་འོས་སོ་ཞེས་ཟེར་བ་ལ་གཞན་རྣམས་ཀྱིས་འདི་ནི་རྒྱུད་རྣམ་པར་འཁྲུགས་པ་ཡིན་ཏེ་འདི་ལྟར་གཡུལ་ངོར་བརྟན་པ་ཆོས་ཀྱི་བུ། འཇིག་སྡེ་ལ་རླུང་གི་བུ། །སྲིད་སྒྲུབ་ལ་དབང་པོའི་བུ། །རིས་མེད་དང་ལྷར་བཅས་ལ་ཐ་སྐར་གྱི་བུ་ཞེས་ཟེར་ཏེ་རྒྱུད་རྣམ་པར་འཁྲུགས་པས་ན་མི་རིགས་སོ་ཞེས་བསྒྲགས་པར་རྒྱ་རོལ་ལས་བཤད་དེ། གཟུགས་ཅན་སྙིང་པོ་སོགས་ཀྱང་ཤཱཀྱའི་རིགས་སུ་མདོ་ལས་བཤད་པ་མ་མཐོང་ལ། །སྤྱིར་གཟུགས་ཅན་སྙིང་པོ། གསལ་རྒྱལ། རབ་སྣང༌། ཤར་པ་བཞི་པོ་སྟོན་པའི་དགུང་མཉམ་བཞིའི་རེ་རེ་ཡིན་ཞིང་ཕལ་ཆེར་སྟོན་པའི་གོང་དུ་འདས་པར་འདུལ་བ་ལུང་ལས་གསུངས་པས་སྟོན་པ་འདས་ནས་བྱུང་བ་འདྲ་བའི་ལོ་རྒྱུས་དེ་རྣམས་མི་འགྲིག་ཅིང༌།

འཕྲོས་རྗེས་མར་གཟིགས།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།