དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

དེ་རྣམས་ཀྱི་ཁྲོད་ནས་འདིར་གཉའ་ཀྲི་བཙན་པོའི་འབྱུང་ཁུངས་སམ། སྤུ་རྒྱལ་གྱི་གདུང་རྒྱུད་སྐོར་དང་འབྲེལ་ཡོད་དུམ་བུ་འགའ་ཤས་དཔེ་མཚོན་དུ་དྲངས་ཏེ་དཔྱད་བསྡུར་ཞིག་བྱ་རྒྱུ་ཡིན། བཙན་པོ་ཁྲི་ལྡེ་སྲིང་བཙན་གྱི་དུས་སུ་བསྐྲུན་པའི་ཀོང་པོ་དེ་མོ་ཁུལ་དུ་ཡོད་པའི་བྲག་བརྐོས་ཡི་གེའི་ཕྲེང་གསུམ་པར་ཐོག་མ་ཕྱྭ་ཡབླ་བདག་དྲུག་གི་སྲས་ལས། ཉ་ཁྲི་བཙན་པོ་མྱི་ཡུལ་གྱི་རྗེར་ལྷ་རི་གྱང་ཐོར་གཤེགས་པ་ཚུན་ཆད་་་ ་་་ཅེས་དང་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་སྔ་མའི་ཡིག་ཕྲེང་དང་པོ་དང་གཉིས་པར་གནམ་ལྷབ་ཀྱི་རྒྱལ་པོ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཀྱི་བཀས་་་ ་་་ཞེས་གསལ། ལྷོ་ཁ་འཕྱོངས་རྒྱས་སུ་ཡོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་བཙུགས་པའི་རྡོ་རིང་གི་ཡི་གེ་དང་པོ་དང་གཉིས་པར། བཙན་པོ་ལྷ་སྲས་འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་པ།་་་ ་་་ཞེས་དང༌། ལྷ་ས་གཙུག་ལག་ཁང་གི་མདུན་ངོས་སུ་བསསྐྲུན་པའི་དབོན་ཞང་དབུ་སྙིང་གི་རྡོ་རིང་ཞེས་པའི་ཤར་ངོས་ཀྱི་ཡི་གེ་ཕྲེང་ལྔ་པ་ནས་དགུ་པའི་བར་དུ་འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་མཛད་པ་ཡང༌། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ་ །ཡུལ་མཐོ་ས་གཙང་བ་ལ། གནམ་གྱི་ལྷ་ལས་མྱིའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་ཆེན་པོས་ནི་ཡུནད་ཀྱི་སྲིད་བཙུགས་་་ ་་་ཞེས་སོགས་འཁོད་པ་ལས། བཙན་པོའི་སྐབས་ཀྱི་རྡོ་རིང་ངམ་རྡོ་བརྐོས་ཀྱི་ཡི་གེ་ཐམས་ཅད་ཀྱི་ནང་དུ། གཉའ་ཁྲི་བཙན་པོ་རྒྱ་གར་ནས་བྱོན་པ་དང་ཤཱཀྱའི་རྒྱལ་རྒྱུད་ལས་ཆད་པ་ཟེར་བའི་བཤད་ཚུལ་དེ་རིགས་ཚིག་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག་གོ་ཞེས་དང༌། ༣ དག་སེལ་བྱས་འདུག

མདོར་ན། གཉའ་ཁྲི་རྒྱ་གར་བྱུང་ཚུལ་བཤད་པ་དེ་དག་བསམ་རིན་བྲལ་བའི་བྱིས་ཙམ་དུ་ཟད་དེ། ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང༌། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་གྱི་བཞི་བརྒྱ་དང་བཅུ་གཅིག་སོང་ཞེས་གསལ་ཡོད་སྟབས། འདི་ལ་དཔའ་བོ་གཙུག་ལག་ཕྲེང་བས། སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ་ཞེས་གསུངས་པ་ལྟར་དམག་བརྒྱ་པའི་བུ་རུ་པ་ཏི་དང༌། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་བར་ལོ་གྲངས་དུ་མས་ཆོད་པས་མི་འགྲིག་པ་སོགས་གོང་དུ་རྒྱས་པར་བཤད་ཟིན་ཏོ། །

གཉིས་པ་གཉའ་ཁྲིའི་གདུང་རྒྱུད་རྒྱ་ནག་ནས་ཆད་ཚུལ་བཤད་པ་

མཇུག་སྡོམས་སུ་ཡང་གལ་ཏེ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ། ཤཱཀྱ་ལི་ཙ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་གཅིག་བོད་དུ་བྱོན་ནས་རྗེ་མཛད་པ་ལ། མཚན་རུ་པ་ཏི་ཞེས་པ་གཞན་ཟིག་བྱུང་ཡོད་ན་ནི་མི་འགལ་ལོ་ཞེས་དུས་དང༌། རུས། གཟུགས། ཡུལ། མཛད་པ། མཚན་བཅས་ཆ་རྐྱེན་དྲུག་ཚང་བ་དེ་ལྟ་བུ་ཟིག་བོད་ཀྱི་ལོ་རྒཡ྄ས་ཏོག་བྱུང་ཡོད་ན་ནི་འགལ་བ་དེ་གཞི་ནས་སེལ་ཐུབ་པར་གསུངས་ཤིང༌། དེ་མ་ཐག་འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་གྲགས་པ་མི་སྣང་ངོ་ཞེས་དེ་ལྟ་བུ་ཞིག་བོད་ཀྱི་ལོ་རྒྱུས་ཏོག་བྱུང་མྱོང་མེད་པར་བསྟན་པ་བཅས་རགས་བསྡུས་སུ་བཀོད་པ་ཞིབ་ཕྲ་མ་ཡིག་པར་མའི་ནང་གསལ་བ་ལྟར་ལུང་གི་གནད་དོན་ཐད་དེ་ལས་ལྷག་པའི་མཐའ་དཔྱོད་དགོས་གསལ་མེད་པར་མཐོང་ཞེས་ཆབ་སྤེལ་གྱིས་གསུངས། དང་པོ་ནི། བོད་ཀྱི་གནའ་བོའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་སྔ་ཤོས་སུ་གྲགས་པ་བོན་གྱི་གཞུང་ལུགས་ཅན་ལྔ་ཅན་ལྔ་ནི། ཡོ་ག་ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟེབ་མ་དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན། གསང་བ་ཕྱག་རྒྱ་ཅན་ནོ། །ཞེས་པའི་ནང་ཚན་ཡོ་ག་ལྷ་གྱེས་ཅན་ཞེས་བྱ་བའི་ནང་དུ་ཐོག་མ་འཇིག་རྟེན་ཆགས་ཚུལ་དང༌། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་ཡབ་ལྷ་བདལ་དྲུག་གི་སྲས་རྒྱུད་ཁྲི་བར་བདུན་ཚིགས་ཀྱི་སྲས་གཉའ་ཁྲི་བཙན་པོ་མི་ཡུལ་དུ་སྤྱན་དྲངས་ཏེ། གཤེགས་རབས་ཉི་ཤུ་རྩ་བདུན་རིམ་པར་བརྒྱུད་ནས་ཡར་ལུང་བཙན་ཐང་སྒོ་བཞིར་ཕེབས་ནས་བོད་ཀྱི་རྗེ་བོ་མཛད་ཚུལ་སོགས་རྒྱས་པར་གསལ་ཡོད། དེས་ན། བཙན་པོ་གནམ་ལས་བྱུང་ཚུལ་བརྗོད་པ་དེ་དག་ལ་སྐྱོན་མེད་དེ། གཉའ་ཁྲིའི་སྐོར་ཏུན་ཧོང་ཡིག་ཆར། (P.T.1286) ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདག་དྲུག་བཞུགས་པ་འི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲྀ་འི་བདུན་ཚྀགས་དང་བདུན། ཁྲི་འི་བདུན་ཚིགས་ཀྱྀ་སྲས། ཁྲི་ཉག་ཁྲྀ་བཙན་པོའ། །ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོའ། ལྷ་རྀ་གྱང་དོར་གཤེགས་ན། ཞེས་དང༌། ལྷོ་ཁ་འཕྱོངས་རྒྱས་སུ་ཡོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་བཟུགས་པའི་རྡོ་རིང་གི་ངོས་སུ། བཙན་པོ་ལྷ་སྲས་འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་པ་ཞེས་སོགས་མང་དུ་འབྱུང་བས། ཆབ་སྤེལ་གྱིས། བོད་དུ་བཙན་པོའི་གདུང་རྒྱུད་ཀྱིས་དབང་སྒྱུར་བའི་དུས་སུ་བཤད་ཚུ་འདི་ཉིད་བཙན་པོ་ལ་བསྟོད་བསྔགས་དང་བརྩི་བཀུར་བྱེད་པའི་གུས་སྲོལ་ཡོངས་ཁྱབ་ཏུ་ཁས་ལེན་དགོས་པའི་སྤྱི་འགྲོས་ཤིག་ཏུ་གྱུར་ཡོད་པ་ནི། སྐབས་དེ་ཤེད་དུ་བསྐྲུན་པའི་བོད་ཀྱི་གནའ་ཤུལ་རྡོ་རིང་གི་ཡི་གེ་ལ་བལྟས་པ་ཙམ་གྱིས་ཤེས་ནུས་པ་མ་ཟད། བོད་དུ་མི་ལོ་སྟོང་ཕྲག་ལྷག་རིང་བསམ་བློའི་དབང་སྒྱུར་གྱི་གནས་བབས་གཟུང་མྱོང་བའི་བོན་གྱི་གཞུང་ལུགས་དང་མཉམ་དུ་འདྲེས་པའི་འདུ་ཤེས་འཛིན་སྟངས་དེས་སྔར་རབས་བོད་མི་རིགས་ཀྱི་ཁྲོད་དུ་བག་ཆགས་གཏིང་ཟབ་པོ་ཞིག་བཞག་མྱོང་ཡོད་པར་བརྟེན་སངས་རྒྱས་ཆོས་ལུགས་ཁྱབ་གདལ་ཆེས་ཆེ་བ་བྱུང་བའི་རྗེས་སུ་བརྩམས་པའི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་ཕལ་མོ་ཆེའི་ནང་དུའང་གཏམ་རྒྱུད་འདིའི་ཐད་དགག་སྒྲུབ་ཅི་རིགས་དང༌། ཡང་ན་རང་གི་འདོད་ཚུལ་དང་ཉ་ཉུང་མཉམ་བསྲེས་ཀྱི་ཚིག་སྣོན་སྤྱོད་ཐབས་སོགས་གང་ལྟར་བོན་གྱི་བཤད་ཚུལ་དེ་མུ་མཐུད་ནས་དྲངས་ཡོད་ཅེས་གསུངས་པ་ལྟར་ཆེ་བསྟོད་ཙམ་ལས། གཉའ་ཁྲིའི་འབྱུང་ཁུངས་དངོས་གནམ་ནས་ཡིན་པའི་སྒྲུབ་བྱེད་དུ་འགྲོ་དཀའ་བར་བསམ་མོ། །༢

ས་རཱ་མཐོ་སློབ། ངག་དབང་བྱམས་པས།