རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་དབུ་ཁྲིད་ཀྱི་ཐུག་འཕྲད་ཕྱིར་འགྱངས།

དེའང་རྒྱ་ནག་གཞུང་ནས་དུས་ཚོད་ནར་འགྱངས་བྱེད་དགོས་དོན་དེ་ནི་ཧྥ་རན་སིའི་སྲིད་འཛིན་སར་ཀོ་ཟི་མཆོག་གིས་ཏཱ་ལའི་བླ་མ་ལྷན་དང་མཇལ་འཕྲད་གནང་རྒྱུའི་གནད་དོན་དེ་ལ་ཐུག་པ་ཞིག་ཡིན་ལུགས་ཀྱི་གཏམ་བཤད་ཀྱང་སྤེལ་འདུག དེ་སྔའི་འཆར་གཞི་ལྟར་ན་ད་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཧྥ་རན་སིའི་གྲོང་ཁྱེར་ལི་ཡོན་དུ་རྒྱ་ནག་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དང་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ཝིན་ཅ་པའོ་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད། ཡིན་ནའང་ལྷན་ཚོགས་ཀྱི་དུས་ཚོད་དེའི་སྐབས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐབས་མགོན་ཆེན་པོ་མཆོག་ཡུ་རོབ་གྱི་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་། བྷེམ་ཇམ་གཉིས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་ཐོག་ཚེས་བཞི་ཉིན་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུ་དང་དེ་ནས་ཚེས་དྲུག་ཉིན་པོའོ་ལེན་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་ཞིང་དེའི་རིང་ཧྥ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཟི་མཆོག་དང་མཇལ་འཕྲད་གནང་རྒྱུའི་གཏན་འཁེལ་བྱུང་ཡོད་པས་དེར་བརྟེན། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ཕྱོགས་ནས་དེ་སྔོན་གཏན་འཁེལ་བྱུང་བའི་ཡུ་རོབ་མཐུན་ཚོགས་དང་། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ལྷན་ཚོགས་དེའི་ནང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མཉམ་ཞུགས་བྱ་རྒྱུའི་དུས་ཚོད་ནར་འགྱངས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བྱས་ཡོད་པ་མ་ཟད། རེས་གཟའ་ཕུར་བུའི་ཉིན་སླར་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་ནས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་གྱི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་དེའི་དུས་ཚོད་ནར་འགྱངས་བྱེད་དགོས་དོན་ནི། ཧྥ་རན་སིའི་སྲིད་འཛིན་ལ་འགན་ཡོད་པ་ལས་རྒྱ་ནག་ཕྱོགས་ལ་འགན་མེད་ལུགས་སྐོར་གྱི་གཏམ་བཤད་བྱས་འདུག་པ་དང་། ད་དུང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ཆེད་དུ་འཛམ་གླིང་ཡུལ་གྲུ་ཁག་གི་ནང་སྐོར་བསྐྱོད་ཀྱི་ལས་དོན་སྤེལ་གྱི་ཡོད་པ་དེ་ལ་ང་ཚོས་དགག་བྱ་བྱེད་ཀྱི་ཡོད་ལ། ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་འདྲ་ཞིག་ནས་ཀྱང་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱ་རྒྱུར་ང་ཚོས་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་བྱས་འདུག ཡིན་ནའང་རྒྱ་ནག་གཞུང་གིས་དགག་པ་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཧྥ་རན་སིའི་སྲིད་གཞུང་གི་མགྲིན་ཚབ་པ་ལུཀ་ཤ་ཏེལ་ནས་སྲིད་འཛིན་སར་ཀོ་ཟི་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་གང་ཡང་ཕྱིན་མེད་པར་གསུངས་འདུག