དཀར་མཛེས་སུ་ཞི་རྒོལ་བྱེད་མཁན་རྣམས་ལ་ཁྲིམས་ཆད་གཅོད་བཞིན་པ།
ཕྱི་ཟླ་༥ ཚེས་༡༨ ཉིན་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་དཀར་མཛེས་དགོན་པའི་གྲྭ་དཔལ་ལྡན་འཕྲིན་ལས་ལ་ཕྱི་ཟླ་༡༡ ཚེས་༡༤ ཉིན་ལོ་༧ གྱི་ཁྲིམས་ཐག་བཅད། ཕྱི་ཟླ་༦ ཚེས་༡༡ ཉིན་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་དཀར་མཛེས་འང་བཟང་གྲོང་ནས་ཡིན་པ་དཔལ་ལྡན་དབང་རྒྱལ་རང་ལོ་༢༠ ཡིན་པ་ཁོང་ལ་ཉེ་བའི་ཆར་ལོ་༣ གྱི་ཁྲིམས་ཐག་བཅད། དཀར་མཛེས་ཁང་དམར་དགོན་གྱི་གྲྭ་པ་ཚེ་རིང་ཕུན་ཚོགས་༤༢ ཡིན་པ་ཁོང་གིས་ཕྱི་ཟླ་༦ ཚེས་༢༢ ཉིན་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་དང༌། ཉེ་བའི་ཆར་ལོ་གཉིས་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད་འདུག དེ་བཞིན་ཁང་དམར་དགོན་གྱི་གྲྭ་ཤེས་རབ་ལའང་ཉེ་བའི་ཆར་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། དགའ་ལྡན་ཆོས་གླིང་དགོན་པའི་བཙུན་མ་རྡོ་རྗེ་མཁའ་འགྲོ་ལ་ཕྱི་ཟླ་༡༡ ཚེས་༡༩ ཉིན་ལོ་༧ གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་དང༌། ཁོང་གིས་ཕྱི་ཟླ་༥ ཚེས་པའི་༡༤ ཉིན་ངོ་རྒོལ་དང་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ད་དུང་ཤེས་རྟོགས་མ་བྱུང་བའང་མང་པོ་ཞིག་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པའི་གནས་ཚུལ་འདུག།