བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་འགྲོ་རྒྱུ་མ་རེད།
ཨ་རིའི་གྲོས་ཚོགས་ནང་བོད་དང་འབྲེལ་བའི་སྲིད་ཇུས་གཏན་འབེབས་བྱས་པ་གཞིར་བཟུང་བྱས་ནས་རྒྱབ་སྐྱོར་ནུས་པ་ཆེ་ཤོས་ཆགས་བསྡད་ཡོད་པ་རེད་ཅེས་དང༌། ཨ་རིའི་སྲིད་འཛིན་གསར་པའི་སྐབས་བོད་དོན་ཐོག་དེ་སྔོན་དང་མི་འདྲ་བར་འགྱུར་བ་འབྱུང་མིན་སྐོར་དྲིས་པར། ཁོང་གིས། བོད་དོན་ཐོག་ལ་འགྱུར་བ་འགྲོ་ཡི་མ་རེད་བསམ་གྱི་འདུག ཨ་རི་དེ་མང་གཙོའི་རྒྱལ་ཁབ་རེད། མང་ཚོགས་ནང་འདས་པའི་ལོ་སུམ་ཅུ་སོ་གྲངས་ཀྱི་ནང་ལ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། བརྟན་པོ་ཆགས་བསྡད་ཡོད་རེད། གྲོས་ཚོགས་ནང་ལ་བོད་ཀྱི་རྩ་དོན་ཐོག་ཏུ་གྲོས་ཆོད་བཞག་པ་མང་པོ་ཞེ་དྲག་ཡོད་པ་རེད། ལྷག་དོན་དུ་གྲོས་ཚོགས་ནང་ལ་བོད་ཀྱི་རྩ་དོན་ཐོག་ཏུ་གཏན་འབེབས་བྱས་པའི་ཡིག་ཆ་ཡོད་རེད། བྱས་ཙང་གཞུང་གསར་པ་ཕེབས་པ་ཡིན་ཡང་གཞི་རྩ་དེར་འཇོག་དགོས་པ་རེད། སྲིད་འཛིན་གསར་པ་ཨོ་བྷ་མ་ཡིས་ད་ལོའི་བོད་ནང་ཕྱི་ཟླ་གསུམ་པའི་གནས་ཚུལ་བྱུང་བའི་རྗེས་སུ་བོད་དོན་སྐོར་ལ་གསུང་བཤད་ཐེངས་ཁ་ཤས་གནང་བ་རེད། ད་ལོའི་རྒྱལ་སྤྱིའི་རྩེད་འགྲན་སྐབས་སྲིད་འཛིན་བྷུ་ཤི་ཕེབས་ཕྱོགས་སྐོར་ལ་ཕྱག་འཕྲིན་གནང་ནས་བོད་ཀྱི་གནས་ཚུལ་སྐོར་ལ་དགོངས་པ་ཡག་པོ་བཞེས་དགོས་ཀྱི་འདུག རྒྱ་ནག་གཞུང་ལ་ནན་པོ་གསུང་དགོས་ཀྱི་འདུག་སྐོར་བརྗོད་པ་རེད། ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་སྐབས་ལ་མཛད་འཆར་སྟབས་མ་འགྲིག་པར་མཇལ་འཕྲད་བྱུང་ཡོད་མ་རེད་དེ། ཞལ་པར་བརྒྱུད་ཕལ་ཆེར་སྐར་མ་ཉི་ཤུ་ཙམ་གྱི་རིང་བཀའ་མོལ་བྱུང་བ་རེད། དེའི་སྐབས་ལ་དོན་དག་སྙིང་པོ་ག་རེ་གསུངས་ཡོད་པ་རེད་ཟེར་ན། བོད་དོན་སྐོར་ལ་སེམས་འཚབ་ཡོང་གི་འདུག དེའི་སྒང་ལ་ཕྱག་རོགས་ག་རེ་གནང་དགོས་ཀྱང་གནང་གི་ཡིན་གསུངས་ཡོད་པ་རེད། འོས་གཞིའི་སྒང་ལ་བཞུགས་པའི་སྐབས་སུ་གསུང་བཤད་ཅིག་གི་ནང་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་རེད། དེར་བརྟེན་འགྱུར་བ་འགྲོ་ཡི་མ་རེད་བསམ་གྱི་འདུག དེ་བཞིན་སྲིད་འཛིན་གཞོན་པ་ལ་ཆ་བཞག་ནའང༌། བོད་དོན་ཐོག་ལ་ལོ་མང་པོའི་རིང་རྒྱབ་སྐྱོར་གནང་མཁན་རེད། ཞེ་དྲག་ཐུགས་ཁུར་ཆེན་པོ་རེད། མི་སྒེར་སོ་སོ་དང༌། མང་ཚོགས་ནང༌། གྲོས་ཚོགས་ནང་གི་རྒྱབ་སྐྱོར་བཅས་ཀྱི་ཐད་འགྱུར་བ་གང་ཡང་འགྲོ་ཡི་མ་རེད་བསམ་གྱི་འདུག སྤྱིར་བཏང་ཁོ་རང་དགུང་ལོ་ཆུང་ཆུང་དང༌། དགོངས་པ་རྒྱ་ཆེན་པོ་དང་གུ་ཡངས་པོ་བཞེས་མཁན་ཞིག་རེད། དེར་བརྟེན་ད་ལྟའི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བཞེས་སྟངས་དང་ཐག་ཉེ་པོ་དང་མཐུན་པོ་ཡོད་རེད་བསམ་གྱི་འདུག སྐུ་སྒེར་གྱི་ཐོག་དང་གཤིས་རྒྱུད་ཀྱི་ཐོག་ནས་འགྱུར་བ་འགྲོ་ཡི་མ་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།