བཙན་བྱོལ་ནང་ནད་པ་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ཙམ་ཊིས་བྷིས་རེད།
དེའི་རིང་ཤེས་རིག་ལས་ཁུངས་སུ་འབྲེལ་བ་གནང་བ་བརྒྱུད་བོད་གཞུང་བདེ་ལེགས་སྨན་ཁང་ལ་སྙན་ཞུ་ཕུལ་བས། བདེ་ལེགས་སྨན་ཁང་ནས་ངོས་བཞེས་ལེགས་པར་གནང་བ་མ་ཟད་གློག་པར་ཟབ་སྦྱོང་དུའང་བཏང༌། ༡༩༨༠ ལོའི་ཕྱི་ཟླ་༧ ཚེས་༡༥ ཉིན་བདེ་ལེགས་སྨན་ཁང་དུ་ལས་ཀ་དངོས་སུ་འགོ་བཙུགས་ནས་བཟུང་ད་ལྟ་མུ་མཐུད་ནས་ཕྱག་ལས་གནང་མུས་རེད། དྲི་བ། སྐུ་ཉིད་ཀྱིས་ཕྱག་ལས་འདི་གནང་ནས་ལོ་༢༥ ལྷག་ཙམ་ཕྱིན་ཡོད་པར་བརྟེན་སྨན་ཁང་འདིར་བཞུགས་ཡུན་རིང་ཤོས་ལྟ་བུར་མཐོང་བས་དེའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ནམ། ལན། སྤྱིར་བཏང་བཤད་ན་སྔོན་མ་དང་ད་ལྟའི་བར་གང་སྤྱིའི་ཐད་ཁྱད་པར་གནམ་ས་ལྟ་བུ་ཡོད་པ་རེད། གཞན་དག་མི་ཤེས་ཏེ། ང་རང་གིས་ཁྲག་ལུད་བཙོག་གཅིན་དང༌། གློག་པར་སོགས་བརྟག་དཔྱད་བྱས་པར་ཆ་བཞག་ན། སྔོན་མ་དང་ད་ལྟའི་བར་ཅ་ལག་མཐུན་རྐྱེན་ཐད་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད། སྔོན་མ་མཆིན་པ་དང༌། ཁྲག་མང་ཉུང་དང་ཁྲག་གི་དབྱེ་བ་ལ་སོགས་པ་དེ་ཚོ་ཁག་ཁག་བྱས་ནས་བརྟག་དཔྱད་བྱེད་དགོས་པ་རེད། དེང་སྐབས་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་སྐར་མ་བཅོ་ལྔ་ཉི་ཤུའི་ནང་དབྱེ་འབྱེད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་སྔོན་མ་དང་ད་ལྟའི་བར་ཆ་བཞག་ན། སྔོན་མ་མཆིན་ཚད་དམ་མཆིན་ནད་དུག་འཐབ་(hepatitis B)དང༌། སྲིན་འབུ་འཁྲུགས་པའི་ནད་(HIV)ཟེར་བ་ལ་སོགས་པ་འགོས་ཁྱབ་དེ་ཙམ་མེད་པ་རེད། དེང་སང་ན་ཚ་དེ་ཚོ་སྤྱི་ཚོགས་ནང་ཡོད་པས་མ་ཟད་རྒྱ་ཆེན་པོ་ཞིག་ཁྱབ་ཡོང་དུས། དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་དུའང་ན་ཚ་དེ་རིགས་ཡོད་མེད་བརྟག་དཔྱད་བྱེད་པར་འཕྲུལ་ཆས་ཤིག་དགོས་ཀྱི་ཡོད་རེད་ལ། དེའི་མཐུན་རྐྱེན་ཡང་ཆ་ཚང་ཡོད་པ་རེད། ཧ་ཅང་གི་ཛ་དྲག་པོ་དང་རྒྱ་ཆེན་པོ་ཞིག་ཡིན་ན་མ་གཏོགས་དེ་མིན་ང་ཚོས་འདི་ནས་ཆ་ཚང་བྱེད་ཐུབ་ཀྱི་ཡོད་པ་རེད། དྲི་བ། བདེ་ལེགས་སྨན་ཁང་དུ་བོད་པའི་གཞིས་ཆགས་ཁག་ནས་དང༌། ཉེ་འཁོར་གྱི་བོད་པ་དང་རྒྱ་གར་ཡུལ་མི་མང་པོ་ཞིག་བརྟག་དཔྱད་ཞུ་བར་ཡོང་གི་ཡོད་པ་རེད། དེས་ན་སྐུ་ཉིད་ཀྱི་ཐུགས་ལ་བརྒྱ་ཆ་ག་ཚོད་ཙམ་ཞིག་ལ་ཕན་ཐོགས་བྱུང་སོང་དགོངས་ཀྱི་ཡོད། ལན། གཞན་དག་བརྟག་དཔྱད་བྱས་པ་ཕར་བཞག་ནས། ཊིས་བྷིས་ལྟ་བུ་ལ་ཆ་བཞག་ན། གཞིས་ཆགས་ཁག་དང་སློབ་གྲྭ་ཁག་སོགས་ནས་ཡོང་བའི་ནད་པ་ཕལ་ཆེར་བརྒྱ་ཆ་བཅུ་ནས་བརྒྱད་དྲག་སྐྱེད་ཡོང་གི་ཡོད་པ་རེད། མ་ཟད་གཞིས་ཆགས་ཁག་ལ་ཆ་བཞག་ན། བདེ་ལེགས་སྨན་ཁང་འདི་བོད་གཞུང་གི་སྨན་ཁང་ཞིག་ཡིན་ཙང༌། འདིར་བརྟག་དཔྱད་ག་རེ་འདྲ་ཞིག་བྱས་པ་ཡིན་ཡང༌། སྒོར་མོ་བརྒྱ་ཁྱེར་ཤོག་སྟོང་ཁྱེར་ཤོག་ག་རེ་ལབ་ནའང་ཁོ་རང་ལ་སྤྲད་རྒྱུ་མེད་ན་བྱེད་ཐབས་གང་ཡང་ཡོད་པ་མ་རེད། ང་ཚོའི་འདི་དབྱིན་སྐད་དུ་Charitable Hospitalརྡདགེ་རྩའི་སྨན་ཁང་ཟེར་དུས་དངོས་གནས་མི་སྐྱོ་པོ་དེ་ཚོར་རིན་མེད་གནང་གི་ཡོད་པ་རེད་མ་གཏོགས་ཁོ་ལ་སྨན་རིན་མི་འདུག་ཅེས་འཐུས་ཤོར་གཏོང་གི་ཡོད་པ་མ་རེད། ཐད་ཀར་བཤད་ན་བདེ་ལེགས་སྨན་ཁང་གིས་སྒོར་མོ་ལས་ལྷག་པའི་ནད་པར་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད། སྨན་ཡོན་བརྒྱ་ཆ་བརྒྱ་སྤྲད་ཐུབ་ན་དེ་ག་རང་རེད། དེ་མིན་བརྒྱ་ཆ་བརྒྱ་སྤྲད་མ་ཐུབ་ནའང་བརྒྱ་ཆ་ལྔ་བཅུ་དང་ཉི་ཤུ་རྩ་ལྔ་སོགས་ག་ཚོད་སྤྲད་ཐུབ་པ་དེས་འཐུས་པ་བྱེད་ཀྱི་ཡོད་པ་རེད། བདེ་ལེགས་སྨན་ཁང་ལ་ཆ་བཞག་ན་ཕལ་ཆེར་ནད་པ་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཞིག་རིན་མེད་ཆགས་ཀྱི་འདུག འདི་ཡང་བོད་པ་གཅིག་པུ་མ་ཡིན་པར་རྒྱ་གར་དང་ཕྱི་རྒྱལ་སུ་ཡིན་ཡང་སྐྱོ་པོ་ཡིན་ན་དེ་ག་རང་བྱེད་ཀྱི་ཡོད་པ་ལས། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་གང་ཡང་ཡོད་པ་མ་རེད། དྲི་བ། ལོ་མང་རིང་བརྟག་དཔྱད་བྱས་པ་བརྒྱུད་ནད་གཞི་ངོས་འཛིན་ཐད་ཉམས་མྱོང་དང་གདེང་ཚོད་ག་འདྲ་ཞིག་སླེབས་སོང༌།ལན། སྤྱིར་ང་ཚོས་འདི་ནས་བརྟག་དཔྱད་བྱས་པར་ཆ་བཞག་ན། བརྟག་དཔྱད་བྱས་ཏེ་གྲུབ་འབྲས་དེ་ཚོ་སྨན་ཁང་ཁག་གཞན་དག་ཏུ་བཏང་སྐབས། སྨན་ཁང་ཁག་ཡག་པོ་དེ་ཚོས་ང་ཚོས་འདི་ནས་བརྟག་དཔྱད་བྱས་པའི་འབྲས་བུ་ལ་མོས་མཐུན་དང་ཡིད་ཆེས་གནང་གི་འདུག ཡང་དེང་སང་འཕྲུལ་ཆས་གསར་པ་དེ་འདྲ་སླེབས་ཡོང་དུས་བེད་སྤྱོད་གཏོང་བར་ཉམས་མྱོང་མེད་སྟབས་ཏོག་ཙམ་ཁྱད་པར་ཡོང་གི་འདུག ཡིན་ནའང་བརྒྱ་ཆ་བརྒྱ་ཁག་པོ་རེད་དེ་གང་འཚམས་ཤིག་ལ་སླེབས་འགྲོ་ཡི་འདུག དྲི་བ། ཉིད་ཀྱིས་ཁྲག་ལུད་སོགས་བརྟག་དཔྱད་བྱས་པར་ནོར་འཁྲུལ་བྱུང་མྱོང་ཡོད་དམ།ལན། དེ་འདྲ་དམིགས་བསལ་གང་ཡང་བྱུང་མ་སོང༌། ང་རང་ཆ་བཞག་ན་ལས་ཀ་འདི་བྱས་ནས་ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་ལྷག་ཕྱིན་པ་རེད་དེ་ནོར་འཁྲུལ་ཞིག་བརྒྱ་ཆ་བརྒྱ་ཤོར་མ་སོང་བསམ་གྱི་འདུག གང་ཡིན་ཟེར་ན་སོ་སོས་བརྟག་དཔྱད་བྱས་ཚར་བའི་འབྲས་བུ་དེ་སྨན་པར་བསྟན་གྱི་ཡོད་རེད། གལ་ཆེ་ཤོས་དེ་ང་ཚོས་གཞི་གང་ལ་འཇོག་གི་ཡོད་རེད་ཅེ་ན། ཕར་ཕྱོགས་ནས་སྨན་པས་སྐྱོན་བརྗོད་བྱེད་སྟངས་དང་སོ་སོའི་བཏོན་པའི་གྲུབ་འབྲས་གཉིས་ཏག་ཏག་མཐུན་གྱི་འདུག་ན། ད་དངོས་གནས་རེད་བཞག་བསམ་པ་ཞིག་ཡོང་གི་རེད་མ་གཏོགས་གཞན་ཤེས་ཁག་པོ་རེད། གང་ལྟར་ང་རང་གི་ངོས་ནས་ལོ་མང་རིང་གི་ཉམས་མྱོང་ལ་དཔག་པས་མ་འོངས་པར་སྔར་ལས་ལྷག་པའི་སྤུས་ཚད་དག་པ་དང༌། གང་ཡག་ཡག་ཅིག་བྱེད་ཐུབ་པའི་དམིགས་ཡུལ་ཡོད།དྲི་བ། ཉིད་ཀྱིས་བརྟག་དཔྱད་བྱེད་སྐབས་སྤྱི་ཚོགས་ནང་ནད་གཞི་གང་ཞིག་མང་བ་ཐོན་གྱི་འདུགལན། ངའི་མཐོང་སྣང་ལ་བཙན་བྱོལ་ནང་ནད་པ་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ཙམ་ཊིས་བྷིས་ན་མཁན་རེད། དེ་ཡང་ཕལ་ཆེ་བ་གཞོན་སྐྱེས་ཚོའི་ནང་ཡོང་གི་འདུག ཅིག་བྱས་ན་གཞོན་སྐྱེས་ཡིན་པ་ཡག་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་སྔོན་མའི་མི་དེ་ཚོར་དོགས་པ་རྣམ་རྟོག་མང་པོ་ཞིག་ཡོད་པ་རེད། དེང་སང་གི་མི་དེ་ཚོར་མཉམ་འགྲོགས་མཉམ་སྡོད་བྱེད་རྒྱུར་སྣང་བ་རྣམ་རྟོག་གང་ཡང་ཡོད་པ་མ་རེད།དྲི་བ། ཉིད་ཀྱིས་ལོ་མང་རིང་ཉིན་ལྟར་ཁྲད་ལུད་སོགས་བརྟག་དཔྱད་བྱེད་རྒྱུར་སུན་སྣང་གང་ཡང་མི་འདུག་གམ།ལན། ང་ཚོ་འདིར་བརྟག་དཔྱད་བྱེད་མཁན་ལ་ཆ་བཞག་ན་མི་གཉིས་མ་གཏོགས་མེད་པ་དང༌། མི་གཉིས་ཀྱིས་གློག་པར་དང༌། ཁྲག་ལུད་བཙོག་གཅིན་ཆ་ཚང་བརྟག་དཔྱད་བྱེད་ཐུབ་དགོས་ཀྱི་ཡོད་པ་རེད། སྨན་ཁང་གཞན་དག་ཡིན་ན་དེ་ཚོ་ཚང་མ་ཁག་ཁག་བྱས་ནས་བརྟག་དཔྱད་བྱེད་མཁན་ཡོད་པ་རེད། ང་ཚོར་ཡང་དེ་ནང་བཞིན་དགོས་ཟེར་ན། གཅིག་ན་ང་ཚོ་སྐྱབས་བཅོལ་བ་རེད། གཉིས་ན་ང་ཚོའི་སྨན་ཁང་འདི་ད་ལྟ་རོགས་རམ་གྱི་འོག་ཏུ་ཡོད་ཙང༌། ཕྱི་རྒྱལ་བ་དེ་འདྲས་འདི་གློག་པར་འཕྲུལ་ཆས་ཉོ་བྱེད་ཡིན་ཞེས་ཞལ་འདེབས་ཤིག་སྤྲད་པ་ཡིན་ན་དེས་གློག་པར་རང་ཉོས་ནས་བེད་སྤྱོད་གཏོང་དགོས་པ་རེད། དེ་འདྲ་མ་བྱས་ན་ཕྱི་རྒྱལ་བ་དེས་སེམས་ལ་ངས་ཅིག་སྤྲད་པ་ཡིན་ཡང་སྟོན་རྒྱུ་གང་ཡང་མི་འདུག ཕལ་ཆེར་ཁོས་ཟོས་པ་མིན་ནམ་བསམ་གྱི་རེད། དེ་འདྲ་སོང་ཙང་ང་རང་གི་སེམས་ལ་གང་ལྟར་ཆ་རྐྱེན་ཚང་རོགས་བྱས་ན་ལས་ཀ་བྱེད་རྒྱུར་དཀའ་སྣང་གང་ཡང་མི་འདུག གཉིས་ནས་ང་རང་གིས་ག་དུས་ཡིན་ནའང་སེམས་ཀྱི་ལྟ་བ་ཁྱེར་ཕྱོགས་ལ་ལས་ཀ་འགོ་བཙུགས་ཡོང་དུས་ནས་ནད་པར་སྐད་ཆ་བཤད་སྟངས་དང༌། རྒྱུས་ཡོད་བྱེད་སྟངས་དེ་གལ་ཆེ་ཤོས་རེད། ལྷག་པར་དུ་རྒན་འཁོགས་དང་སྐྱོ་པོ་དེ་ཚོར་དོ་སྣང་དམིགས་བསལ་སྤྲོད་ཀྱི་ཡོད། ད་ལྟ་ཁོང་ཚོར་རོགས་པ་བྱེད་མ་ཐུབ་པར་ཕར་ཙམ་བསྒུག་བསྡད་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད་ལ། ང་ཚོའི་ལས་འགན་ཡང་འགྲུབ་ཀྱི་ཡོད་པ་མ་རེད།དྲི་བ། ཁྲག་ལུད་སོགས་བརྟག་དཔྱད་བྱས་འབྲས་ཐད་ཉེས་འཛུགས་བྱེད་མཁན་དེ་འདྲ་འདུག་གམ།ལན། མཚམས་རེར་དེ་འདྲ་སླེབས་ཡོང་དུས་ང་ཚོས་ཁྱེད་རང་གིས་ང་ཚོས་བརྟག་དཔྱད་བྱས་པར་ཡིད་ཆེས་མེད་ན་ཁྱེད་རང་སྨན་ཁང་འདི་ལས་ཡག་པ། ཁྱེད་རང་གིས་ཡིད་ཆེས་ཡོད་ས་ཞིག་ཏུ་སོང་ན་འགྲོ་སོང་ཆེ་བ་ཡོད་རེད་མ་གཏོགས། སྤུས་དག་པོ་དང་ཡག་པོ་ཞིག་ཡོང་གི་རེད། དེ་མིན་ཁྱེད་རང་གིས། ཁོང་ཚོས་སྒོར་མོ་ལྔ་བཅུ་བྱེད་ཀྱི་འདུག་ཟེར་ནས་སྨན་ཁང་ཆུང་བ་ཞིག་ཏུ་ཕྱིན་པ་ཡིན་ན། དེང་སང་སྒེར་པ་དེ་ཚོ་ཚང་མ་ཚོང་པ་ནང་བཞིན་རེད། ང་ཚོ་ནང་པ་སངས་རྒྱས་པའི་བསམ་བློ་དང་ཁོང་ཚོས་ལྟ་བ་ཁྱེར་སྟངས་རྦད་དེ་ཐ་དད་རེད། ང་ཚོས་ལས་རྒྱུ་འབྲས་ཟེར་བ་ལ་སོགས་པ་མང་པོ་ཞིག་བརྩི་ཡི་ཡོད་པ་རེད། ཁོང་ཚོས་ཆེ་རག་ཆུང་རག་མ་གཏོགས་ཡོད་པ་མ་རེད། ང་ཚོས་འདི་ནས་བརྟག་དཔྱད་བྱེད་སྐབས་དཔེར་ན། ཊིས་བྷིས་ནད་པ་དང་པོ་ཞིག་སླེབས་སོང་ན་ཁྱེད་རང་ལ་ཊིས་བྷིས་ན་ཚ་འདུག་ལབ་པ་ཙམ་མ་ཡིན་པར། ནད་པ་ཁོ་རང་ཚུར་སྐད་བཏང་སྟེ་ཕྲ་མཐོང་ཆེ་ཤེལ་ནང་ནས་ནད་འབུ་དེ་ཚོ་ལྟ་རུ་བཅུག་སྟེ་ར་སྤྲོད་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ཁོ་རང་གིས་སྨན་ཟ་དུས་བློ་བདེ་པོ་ཡོད་པ་རེད། དེ་མིན་ཅིག་ཡོད་རེད་ཟེར་གྱི་འདུག་བསམ་པ་ཞིག་ལས་དངོས་སུ་མཐོང་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཁོ་རང་ལ་འགྲེལ་བཤད་བརྒྱད་ནས་ནད་པ་ཕ་གའི་སེམས་ལ་ཕྱིན་སོང་བསམ་པ་ཞིག་བྱེད་ཀྱི་ཡོད། དེ་འདྲ་བྱས་ན་ཕར་ཕྱོགས་མི་དེའི་སེམས་ལ་ཕྱིན་ཏེ་རང་བཞིན་གྱིས་སྐད་ཆ་དྲིས་ནས་ཕན་ཚུན་གཉིས་ཀ་འབྲེལ་བ་ཡག་པོ་ཆགས་ཀྱི་འདུགདྲི་བ། ཉིད་ཀྱི་སར་ཉིན་ལྟར་ནད་པ་མང་པོ་བརྟག་དཔྱད་ཞུ་རུ་ཡོང་གི་ཡོད་པས་ཁོང་ཚོའི་ཐད་མཐོང་སྣང་གང་འདྲ་འདུག་གམ།ལན། ང་རང་གི་མཐོང་སྣང་ལ་བོད་ནས་ཡོང་མཁན་དང༌། དེ་བཞིན་དགོན་པ་ཁག་ནས་ཡོང་མཁན་དེ་ཚོ་ཏོག་ཙམ་མགོ་འཚོས་ལ་མ་འཚོས་དང༌། ཛ་རེ་ཛོ་རེ་མ་འདྲ་བ་ཞིག་མཐོང་གི་འདུག སྤྱིར་བཏང་ཁོ་རང་ཚོར་ལབ་རྒྱུ་གང་ཡང་ཡོད་པ་མ་རེད། སྔོན་མ་ང་རང་ཚོ་རྒྱ་གར་ལ་ཡོང་དུས་དེ་ག་རང་རེད། ད་ལྟ་ང་ཚོ་མཐོང་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་ཡོང་དུས་ཁོང་ཚོ་འཐོམས་བསྡད་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་ཡོད་པ་རེད། གལ་ཆེ་ཤོས་ཤིག་ག་རེ་རེད་ཅེས་ན། ཕྱིའི་མི་རིགས་དེ་ཚོས་བལྟས་ཡོང་དུས་ང་ཚོ་དོ་སྣང་མེད་མཁན་དང་གཙང་སྦྲ་མེད་མཁན་ལྟ་བུ་ཞིག་མཐོང་གི་ཡོད་པ་རེད། ཅིག་བྱས་ན་དེ་ཁག་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་ཚོར་འཕྲུལ་ཆས་འདྲ་མིན་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པ་རེད།།