བོད་མིའི་དབུ་ཁྲིད་མུ་མཐུད་དུ་གནང་རྒྱུ་དེ་གནད་འགག་ཆེན་པོ་རེད།
ད་དུང་ག་རེ་བྱེད་དགོས་ཀྱི་འདུག མི་མང་གི་སྐུ་ཚབ་བྱས་ནས་གསོལ་འདེབས་ག་རེ་ཞུ་དགོས་ཀྱི་འདུག བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་གསོལ་འདེབས་ག་རེ་ཞུ་དགོས་ཀྱི་འདུག ད་ལྟ་ང་ཚོས་བསམ་བློ་གཏོང་བཞིན་པ་ཡིན། ད་ལྟའི་སྐུ་མདུན་གྱི་གནས་བབས་རེད། མ་འོངས་པར་ྋགོང་ས་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་མུ་མཐུད་ནས་ཕེབས་དགོས་མིན་དེ་མི་མང་གི་ལག་པར་ཡོད་པ་རེད་ཅེས་ྋགོང་ས་མཆོག་གིས་སྔོན་མ་ནས་བཀའ་གནང་ཡོད་པ་རེད། ངས་གདེང་ཚོད་ཆེན་པོའི་ངང་ནས་མི་མང་གིས་ད་ལྟ་ྋགོང་ས་མཆོག་གིས་མུ་མཐུད་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དང༌། མ་འོངས་པར་སྐུ་ཕྲེང་རིམ་བྱོན་ཕེབས་རྒྱུ་དེ་བོད་མི་ཚང་མར་འདོད་པ་ཡོད་པ་རེད་དྲན་གྱི་འདུག ད་ལྟ་ལོ་ཁ་ཤས་ནང་ལ་བགྲེས་ཡོལ་ཆ་ཚང་བཞེས་རྒྱུ་ཡིན་གསུངས་པ་ལས་རྒྱས་བཤད་དང༌། འགྲེལ་བཤད་དེ་འདྲ་མེད་པར་བརྟེན་སྐུ་མདུན་གྱིས་གསུངས་པ་དེར་དགོས་པ་རྒྱུ་མཚན་མང་པོ་ཡོད་པ་རེད་མོད། གལ་དེ་བོད་མི་མང་པོས་བསམ་པ་ནང་བཞིན་བོད་ཀྱི་དབུ་ཁྲིད་ཀྱི་ཕྱག་ལས་གནང་རྒྱུ་མིན་པའི་ཚུལ་འདྲ་གསུང་གི་ཡོད་ན། ང་ཚོ་བོད་མི་ཚང་མས་སེམས་ལ་འབབ་རྒྱུ་མ་རེད་ལ། གསོལ་བ་ཕུར་ཚུགས་སུ་བཏབ་ནས་མུ་མཐུད་གནང་རོགས་ང་ཚོ་ཚང་མས་ཞུ་དགོས་པ་རེད་བསམ་གྱི་འདུག ད་ལྟའི་བཅའ་ཁྲིམས་ཀྱི་ནང་ལྟར་བྱས་པ་ཡིན་ན་སྡེ་སྲིད་ལྷན་ཚོགས་བཙུག་རྒྱུ་ཟེར་བ་སོགས་གནས་ཚུལ་ཐ་དད་རེད། སྐུ་མདུན་དགོངས་པ་གཞན་དོན་དུ་གཤེགས་པའི་སྐབས་དང༌། ཡང་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་ཕྱག་ལས་གནང་མ་ཐུབ་པའི་གནས་ཚུལ་བྱུང་ན་སྡེ་སྲིད་ལྷན་ཚོགས་བཙུག་རྒྱུ་ཟེར་བ་ད་ལྟ་འདི་དང་འབྲེལ་བ་ཡོད་པ་མ་རེད། ད་ལྟ་ྋརྒྱལ་བ་ཡིད་བཞིན་ནོར་བུར་འཛམ་གླིང་ནང་སྙན་གྲགས་ཆེན་པོའི་ཐོག་ནས་གུས་བཀུར་ཞུས་པ་དང༌། བོད་མི་ཚང་མས་བརྒྱ་ཆ་བརྒྱ་དགའ་མོས་ཀྱི་ཐོག་ནས་དབུ་ཁྲིད་གནང་བཞིན་པ་ཡིན་པས་དེ་ལ་དཀའ་ངལ་ཡོད་པ་མ་རེད། སྐུ་མདུན་རང་ངོས་ནས་བགྲེས་ཡོལ་ལ་ཕེབས་རྒྱུ་ཡིན་གསུངས་པ་ལ་དགོས་པ་རྒྱུ་མཚན་མང་པོ་ཡོད་ཀྱི་རེད་མ་གཏོགས་བཅའ་ཁྲིམས་ཀྱི་ནང་གི་དོན་ཚན་དེ་ཚོས་གནད་དོན་དེའི་ཐོག་ལ་ཁྱབ་ཀྱི་མ་རེད་ལ། ད་ལྟ་སྐུ་མདུན་གྱི་སྐུ་གཟུགས་བདེ་ཐང་ངང་བོད་དོན་ཙམ་མ་ཚད་རྒྱལ་སྤྱིའི་རྙོག་གྲ་མང་པོ་ལ་ཐུགས་ཕན་སོས་པའི་ཕྱག་ལས་གནང་དུས་བོད་མིའི་དབུ་ཁྲིད་མུ་མཐུད་དུ་གནང་རྒྱུ་དེ་གནད་འགག་ཆེན་པོ་རེད། དེ་ལས་ལྷག་གི་ང་ཚོ་བོད་མི་ཚོར་གྲ་སྒྲིག་ཅི་ཡང་ཡོད་པ་མ་རེད་དྲན་གྱི་འདུག །