ངས་ཀུན་དགའ་དང་ཡར་དུང་མཉམ་དུ་གཞས་གཏོང་དགོས་ཀྱི་འདུག
དྲི་བ། ཁྱེད་རང་གི་བོད་ཡིག་དང་བོད་གཞས་གང་ནས་སྦྱངས་པ་ཡིན།
ལན། ང་ནེའུ་ཡོག་བྱང་ཕྱོགས་ནས་ཡིན། ཆུང་དུས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་དམ་པོ་ཡོད། ངའི་ཁྱིམ་མཚེས་ནང་པ་རེད། ཁོ་ཚོའི་ནང་ལ་མཆོད་ཁང་ཞིག་ཀྱང་ཡོད་པ་རེད། ངས་བོད་རང་དབང་སློབ་ཕྲུག་ཚོགས་པར་རོགས་པ་ལོ་བདུན་ལ་བྱས་པ་ཡིན། དེར་བོད་པའི་གྲོགས་པོ་མང་པོ་ཡོད། ཁོ་ཚོའི་མཉམ་དུ་ལོ་གསར་དང་འཁྲུངས་སྐར་དུས་ཆེན་ཐེངས་མང་པོར་བཏང་མྱོང༌། བོད་གཞས་མང་པོ་ཉན་གྱི་ཡོད། སྒྲ་སྙན་དང་བོད་ཀྱི་རོལ་དབྱངས་ཞེ་དྲག་སྙན་པོ་འདུག བརྙན་འཁོར་མང་པོར་ལྟ་ཡི་ཡོད། ངའི་གྲོང་ཚོར་བོད་གཞས་དགེ་རྒན་ཡོད་པ་མ་རེད། ཀུན་དགའ་དང༌། ཡ་དུང༌། དར་མཚོ་བཅས་ཀྱི་བརྙན་འཁོར་བལྟས་ནས་གཞས་སྤྱོང་གི་ཡོད།
དྲི་བ། ཁྱེད་རང་བོད་གཞས་ལ་ཐོག་མར་དབྱིངས་ག་འདྲ་སླེབས་སོང༌།
ལན། ལོ་བཞིའི་སྔོན་ལ། ནེའུ་ཡོག་ཏུ་ལོ་གསར་སྐབས་སུ་བོད་པ་མང་པོས་གཞས་དང་སྒྲ་སྙན་བཏང་སོང༌། ཞེ་དྲག་སྙན་པོ་འདུག ང་ལ་སྒྲ་སྙན་མེད། ངས་བོད་གཞས་བཏང་བ་ཡིན། དེ་ནས་ལོ་གཉིས་ཀྱི་རྗེས་སུ་ངས་སྒྲ་སྙན་སྦྱངས་པ་ཡིན། སྒྲ་སྙན་ཁག་པོ་མི་འདུག
དྲི་བ། ད་ལྟ་ཁྱེད་རང་གིས་བོད་ཡིག་ཀློག་ཤེས་ཀྱི་ཡོད་དམ།
ལན། ལོ་གཉིས་སྔོན་ལ་ཇེ་ནེའི་ཝ་གཙུག་ལག་སློབ་གཉེར་ཁང་དུ་གཡག་འཛིན་གྲྭར་བོད་ཡིག་སྦྱངས་པ་ཡིན། ཟླ་བ་གཉིས་ཀྱི་རིང་ལ་ཉིན་རྟག་པར་འཛིན་གྲྭ་ཆུ་ཚོད་བདུན་རེ་ཡོད་པ་རེད། ཁྱེད་རང་གིས་བོད་སྐད་མགྱོགས་པོ་སྦྱངས་དགོས་པ་རེད་ཟེར། དཀའ་ལས་ཁག་པོ་ཞེ་དྲག་བྱུང་སོང༌། ཡིན་ནའང་ཡག་པོ་བྱུང་སོང༌། དེ་ནས་ང་རྒྱ་གར་ལ་སོང་ནས་དྷ་རམ་ས་ལ་རུ་མཚན་ཉིད་གྲྭ་ཚང་དང་སཱ་ར་སློབ་གྲྭར་བོད་ཡིག་དང་བོད་སྐད་ཟླ་བ་ཁ་ཤས་རིང་ལ་སྦྱངས་པ་ཡིན།
དྲི་བ། ཁྱེད་རང་གི་བརྙན་འཁོར་གསར་པ་དེའི་ནང་གཞས་དེ་དག་སྲོལ་རྒྱུན་གྱི་གཞས་རེད་དམ་དེང་དུས་ཀྱི་གཞས་རེད། ཚང་མ་གཞས་གསར་པ་རེད་དམ།
ལན། བརྙན་འཁོར་གསར་པ་དེའི་མིང་ལ་ཕ་ཡུལ་ཕྱོགས་སུ་འགྲོ་བཏགས་པ་ཡིན། གཞས་ཕྱེད་ཀ་གསར་པ་དང་ཕྱེད་ཀ་རྙིང་པ་རེད། གཞས་ཁ་ཤས་ཀུན་དགའ་དང་ཡ་དུང་གི་གཞས་འདྲ་བོ་ཡོད། གཞས་དེ་དག་སྲོལ་རྒྱུན་གྱི་ཁམས་གཞས་དང་འདྲ་བོ་ཡོད་པ་རེད། སྤང་རྒྱན་མེ་ཏོག་དང་ཁྲུང་ཁྲུང་དཀར་པོ་གཉིས་གཞས་རྙིང་པ་རེད། དེའི་གདངས་ཏོག་ཙམ་འགྱུར་བ་བཏང་ཡོད། གཞས་གསུམ་བོད་གཞས་རྙིང་པ་རེད། གམ་པ་ལ་མོ། དྲིན་ལན། ང་ཚོ་འདི་ལ་འཛོམས་འཛོམས། གཞས་གཅིག་ངའི་ཕ་ཡུལ་གྱི་གཞས་རེད། ང་བོད་པ་མིན་གཞས་གཅིག་ངའི་མི་རིགས་ཀྱི་གཞས་ཡིན་ལ་དགའ་པོ་ཡོད། ང་གཞས་གཏོང་མཁན་ཡར་དུང་དང་ཀུན་དགའ། དར་མཚོ་བཅས་ལ་དགའ་པོ་ཡོད། དར་མཚོའི་སྐད་ཡག་པོ་འདུག་དེ། ཚིག་ཡག་པོ་མི་འདུག ཡ་དུང་དང་ཀུན་དགའ་གཉིས་ཀྱི་སྐད་དང༌། གདངས། ཚིག་གསུམ་ཆ་ཡག་པོ་འདུག དེ་གཉིས་ལས་ཀུན་དགའ་སྙིང་སྟོབས་ཆེན་པོ་ཡོད་པ་རེད། མི་ཡག་པོ་རེད། རྫིག་པོའང་ཞེ་དྲག་འདུག ང་དགའ་ཤོས་ཁོང་ཡིན། ཡར་དུང་ངའི་པཱ་ལགས་འདྲ་པོ་འདུག ངའི་པཱ་ལགས་ཀྱིས་གཞས་ཡག་པོ་ཞེ་དྲག་གཏོང་གི་རེད།
དྲི་བ། ཁྱེད་རང་གི་བརྙན་འཁོར་དང་པོའི་ནང་གི་གཞས་ག་འདྲ་ཡོད་རེད།
ལན། བརྙན་འཁོར་དང་པོ་དེའི་ནང་གི་གཞས་ཚང་མ་རྙིང་པ་རེད། ཨ་ཁུ་པད་མ། མཚོ་སྔོན་པོ། བྱ་དེ་ཁྲུང་ཁྲུང་དཀར་མོ་བཅས་རེད། བརྙན་འཁོར་དང་པོ་དེ་ཨ་རི་ལ་པར་བསྐྲུན་བྱས་པ་ཡིན་ཙང༌། རྒྱ་གར་དང་བལ་ཡུལ་ལ་བཙོང་ཐུབ་མ་སོང༌། ད་ལྟ་བརྙན་འཁོར་གསར་པ་དེ་དང་པོ་ཨ་རི་དང་དེ་ནས་བལ་ཡུལ་དུ་པར་བསྐྲུན་བྱེད་རྒྱུ་ཡིན། དེ་བལ་ཡུལ་དང་རྒྱ་གར་ལ་བཙོང་གི་ཡིན། རྗེས་མར་ཕལ་ཆེར་བོད་ལ་པར་བསྐྲུན་བྱེད་རྒྱུ་ཡིན།
དྲི་བ། ཁྱེད་རང་བོད་ལ་ཕེབས་མྱོང་ཡོད་དམ།
ལན། ང་བོད་ལ་འགྲོ་མྱོང་མེད། ཡིན་ནའང་བོད་ལ་འགྲོ་འདོད་འདུག ངས་ཀུན་དགའ་དང་ཡར་དུང་མཉམ་དུ་གཞས་གཏོང་དགོས་ཀྱི་འདུག དེ་ངའི་རེ་བ་ཡིན། ཧེ་ཧེ།།
བལ་ཡུལ་ས་གནས་གསར་འགོད་པས་བཅར་འདྲི་བྱས།