རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལ་བཅར་འདྲི།
དང་པོ། ང་ཚོ་བོད་པའི་ངོས་ནས་བླ་མ་རྩ་ཆེན་པོ་གཉིས་ཡོད་པ། རྒྱལ་བ་རིན་པོ་ཆེ་དང༌། པཎ་ཆེན་རིན་པོ་ཆེ་རེད། ཁོང་གཉིས་ནི་ཉི་མ་དང་ཟླ་བ་ལྟ་བུ་རེད། རྒྱལ་བ་རིན་པོ་ཆེ་ནི་ཕྱི་རྒྱལ་ལ་ཕུད་ནས་ཁྱོད་རང་ཚོས་ཚུར་ཕེབས་བཅུག་གི་ཡོད་པ་མ་རེད། པཎ་ཆེན་རིན་པོ་ཆེ་ནི་དགུང་གྲངས་༦ གི་ཐོག་རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་མི་མཐུན་པའི་ཐོག་འཛིན་བཟུང་བཙོན་འཇུག་བྱས་པ་རེད། དེར་བརྟེན་ང་ཚོ་བོད་མི་ཡོངས་རྫོགས་མུན་ནག་གི་ནང་དུ་སྡུག་བསྔལ་ཚད་མེད་མྱངས་ནས་བསྡད་ཡོད་པ་ཡིན་སྟབས། ཁྱེད་རང་ཚོས་རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་དུ་གདན་འདྲེན་ཞུས་ནས་ང་ཚོ་ལ་སྐུ་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་དང༌། གསུང་དངོས་སུ་ཐོས་རྒྱུ་ཡོད་པའི་ཆོས་དད་རང་དབང་ཞིག་སྤྲོད་དགོས་ཀྱི་ཡོད། གཉིས་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་གཙོས་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པ་དང༌། དེ་ཙམ་དུ་མ་ཟད་ཁོ་རང་ཚོར་ཐུགས་ཀྱི་བཞེད་དོན་ག་འདྲ་ཞིག་ཡོད་ཀྱང་སྲིད་གཞུང་ལ་ཞུ་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཀྱི་ཡོད། གསུམ་པ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་གསུངས་པ་བཞིན། བོད་རྒྱ་གཉིས་དེ་ཞི་འགྲིག་གི་ཐོག་ནས་བོད་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཆ་ཚང་བ་ཞིག་སྤྲོད་དགོས་ཀྱི་ཡོད་ཅེས་དོན་ཚན་གསུམ་བརྗོད་སོང་ཞེས་རྒྱ་ནག་དབུས་གཞུང་བརྙན་འཕྲིན་འཕྲིན་ལམ་དང་པོའི་ཐོག་བརྗོད་ཡོད་འདུག ཚེས་༡ ནས་མི་མང་གིས་ཞི་བའི་ངོ་རྒོལ་བྱས་ནས་ཚེས་༨ ཉིན་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།
དྲི་བ། ཕྱི་ཚེས་བརྒྱད་ནས་ལི་ཐང་ཁུལ་དུ་རྒྱ་གཞུང་གི་དམ་དྲག་གནས་སྟངས་ག་འདྲ་ཆགས་ཡོད་དམ།
ལན། ཕྱི་ཚེས་༨ དང་༩ གཉིས་ཀྱི་གང་རུང་ཞིག་ལ་རྒྱ་ནག་དབུས་གཞུང་གི་དཔོན་པོ་ཞིག་དང༌། སི་ཁྲོན་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་གཙོས་དཔོན་རིགས་ཁག་ཅིག་སླེབས་ནས། ལི་ཐང་རྫོང་གི་རྫོང་དཔོན་དང༌། ཉེན་རྟོག་སྤྱི་ཁྱབ་པ་སོགས་ལི་ཐང་རྫོང་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་ད་ལྟ་གསར་བརྗེའི་ངོ་ལོག་པས་གྱེན་ལངས་བྱས་ཡོང་བའི་དུས་སྐབས་འདི་ལ། ཁྱེད་རང་ཚོས་བློ་རྩེ་གཅིག་སྒྲིལ་གྱི་ཐོག་ནས་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད། དེ་ལྟར་བྱས་ན་ཐོབ་ཐང་དང་གླ་ཕོགས་སོགས་ག་འདྲ་ཞིག་དགོས་ཀྱང་ཁྱེད་རང་ཚོའི་བསམ་འདུན་ནང་བཞིན་གཞུང་གིས་སྤྲོད་ཆོག་གི་ཡོད། དེ་ལྟར་མ་ཡིན་པར་ཏཱ་ལའི་བླ་མ་དང༌། ཕྱི་སྡོད་བོད་རིགས་རྣམས་ཀྱི་མགོ་སྐོར་འོག་ཚུད་པ་ཡིན་ན། ལས་སླ་པོ་རྩ་བ་རང་ནས་འཇོག་གི་མིན། ཁྱེད་རང་ཚོས་ཏཱ་ལའི་བླ་མ་ལ་རེ་བ་ཆེན་པོ་ཞིག་རྒྱག་ས་གང་ཡང་ཡོད་པ་མ་རེད། སྔོན་མ་ཡང་ཕན་ཐོགས་མྱོང་ཡོད་པ་མ་རེད་ལ། ད་ལྟའང་ཕན་ཐོགས་ཀྱི་མ་རེད། ཁོང་ལོ་ལྔ་དྲུག་ཙམ་གྱི་མི་ཞིག་རེད། དེ་ལས་ལྷག་སྡོད་ཐུབ་ཀྱི་མ་རེད། ཕྱི་སྡོད་བོད་མི་ནང་ལོགས་སུ་ཡོང་བའི་སྐབས་ལ་ཁྱེད་རང་ཚོར་དབང་ཆ་དང་ཐོབ་ཐང་གང་ཡང་མེད་པར་མཐོང་ཆུང་ཁྱད་གསོད་བྱས་ནས་དབང་ཆ་དང་ཐོབ་ཐང་ཚང་མ་འཛིན་གྱི་རེད་ཅེས་སོགས་བསླབ་བྱ་བརྒྱབ་འདུག
ཕྱི་ཚེས་༡༤ ཉིན་ཁ་ཤུལ་སྡེ་བ་ལས་གཞན་པའི་ང་ཚོ་འབྲོག་ཁུལ་གྱི་སྡེ་བ་རྣམས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་བསྐོང་ནས། ཏཱ་ལའི་བླ་མའི་བསླུ་བྲིད་ཀྱི་འོག་ཏུ་ཚུད་མི་རུང་བ་དང༌། ཕྱི་སྡོད་བོད་མིའི་ཁ་ལ་ཉན་མི་ཆོག་པ་མ་ཟད། ལྷག་པར་དུ་རུང་རྒྱས་ཨ་གྲགས་གསར་བརྗེའི་ངོ་ལོག་པ་དང༌། རྒྱལ་ཁབ་གཏོར་བཤིག་གཏོང་མཁན་གྱི་མི་ནག་ཅན་ཞིག་རེད། ཁྱེད་རང་ཚོ་དེའི་རྒྱབ་ལ་ལངས་ནས་ལས་འགུལ་སྤེལ་བ་ཡིན་ན། ཁྱེད་ཚོར་ཡང་ནག་ཉེས་གཅིག་མཚུངས་བཞིན་འབབ་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོས་དེ་ལྟར་རྩ་བ་ཉིད་ནས་བྱེད་རྒྱུ་ཡོད་པ་མ་རེད་ཅེས་སོགས་བཤད་འདུག དེ་བཤད་པ་ལ་བརྟེན་ནས་ཨ་ཚུབ་སྡེ་བའི་སྡེ་དཔོན་ཨ་ཀྲུག་ཨ་དར་ཟེར་བ་ཞིག་ཡོད་པ་རེད། ཁོང་ཡར་ལངས་ནས་ཁྱོད་རང་ཚོས་ད་ལྟ་ལབ་པ་ནང་བཞིན་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུ་རྒྱུ་དང༌། ངའི་ཨ་ཞང་རུང་རྒྱས་ཨ་གྲགས་ལ་རྒྱལ་ཁབ་གཏོར་བཤིག་གཏོང་མཁན་ཞེས་མིང་ངན་པ་ཞིག་བཏགས་པ་དེ་ལ་ངས་རྩ་བ་ཉིད་ནས་ངོས་ལེན་མེད། ཁོ་རང་གིས་རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་སྨོན་ལམ་བཏབ་པ་དང༌། སེམས་ནང་གི་སྡུག་བསྔལ་བཤད་པ་དེ་ངས་ཁྲིམས་འགལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཁྱེད་རང་ཚོས་འཛམ་གླིང་སྤྱི་ལ་བོད་མི་ཚོར་ཆོས་དང༌། སྨྲ་བརྗོད་རང་དབང༌། འགྲོ་བ་མིའི་ཐོབ་ཐང་སོགས་ཡོད་ཚུལ་བརྗོད་ཀྱི་ཡོད་པ་རེད། དེ་བདེན་པ་ཡིན་ན་བླ་མ་ལ་དད་པ་བྱེད་རྒྱུ་དེ་ཆོས་དད་རང་དབང་དང་མཐུན་པ་ཞིག་དང༌། དེ་མེད་ན་ཆོས་དད་རང་དབང་ཟེར་བ་ཞིག་མེད་པར་བརྩི་ཡི་ཡོད། གལ་ཏེ་ཁྱེད་རང་ཚོས་ཆོས་དད་རང་དབང་དང༌། སྨྲ་བརྗོད་རང་དབང་ཟེར་བ་ཞིག་མེད་པ་ཡིན་ན། ང་ལ་ཁ་ཙམ་གྱིས་མེད་ལབ་པ་ཙམ་མ་ཡིན་པར། ཐམ་ག་དང་བཅས་ཡིག་ཐོག་ནས་སྤྲོད་དགོས་ཀྱི་ཡོད། ངས་དེ་ཁུར་ནས་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་བྱེད་པར་འགྲོ་ཡི་ཡིན། ཧ་ལས་ན་མགོ་སྒོག་ཀྱང་གཏོར་སྲིད་པ་རེད་དེ་ང་ལ་འགྱོད་པ་མེད་ཅེས་བཤད་འདུག ཉིན་དེར་ཚོགས་འདུ་དེ་ཙམ་ནས་གྲོལ་བ་ཡིན་ས་རེད། ཕྱི་ཚེས་༡༩ ཉིན་སླར་ཡང་འགོ་ཁྲིད་མི་མང་དང་བཅས་པ་མཉམ་དུ་ཚོགས་འདུ་ཞིག་འཚོགས་ནས་ཁོང་ཚོས་བསླབ་བྱ་རྒྱག་གྲབས་བྱེད་པའི་སྐབས་ལ། རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་ཨ་དར་ལངས་ནས་ཁྱེད་རང་ཚོས་ལས་འགུལ་དེ་གལ་ཆེན་པོ་ཡིན་གསུངས་པ་ནང་བཞིན། ངས་ཁ་སང་དྲིས་པའི་སྐད་ཆ་དེ་དག་གོང་རིམ་ལ་དྲིས་ཡོད་རྒྱུ་རེད། ང་ལ་ཡིན་གཅིག་མིན་གཅིག་དེ་ལ་ལན་གསལ་པོ་ཞིག་དགོས་ཀྱི་ཡོད་ཅེས་ལབ་པའི་སྐབས་ལ། རྒྱ་གཞུང་གིས་ལས་བྱེད་ཚོས་ཚོགས་གཏམ་དང་འབྲེལ་ནས་ཁྱོད་རང་གི་སྐད་ཆ་དེ་ཚོ་ནག་ཉེས་དང་ཁྲིམས་འགལ་གྱི་སྐད་ཆ་རྐྱང་རྐྱང་རེད་ཅེས་བརྗོད་འདུག ཨ་ཀྲུག་ཨ་དར་གྱིས་སླར་ཡང་ངའི་སྐད་ཆ་ཁྲིམས་འགལ་ཡིན་པར་ཁྱོད་ཚོས་ཞེད་སྣང་བྱེད་དགོས་པ་མ་རེད། ཁྱོད་ཚོ་གོང་རིམ་ནས་ང་ཚོ་ལ་བསླབ་བྱ་རྒྱག་ཏུ་བཏང་བ་ནང་བཞིན། ང་ཚོ་མི་མང་གི་སྐྱིད་སྡུག་དེ་ཡང་གོང་རིམ་ལ་ཞུ་དགོས་པ་དེ་འོས་འགན་ཡིན་སྟབས། ངའི་སྐད་ཆ་གཅིག་ཀྱང་མ་ལུས་པར་གོང་རིམ་ལ་ཞུ་དགོས་ཀྱི་ཡོད་ཅེས་བརྗོད་པའི་སྐབས། དཔོན་པོ་ཁག་ཅིག་གིས་ཁྱོད་ཀྱིས་ང་ཚོའི་བསླབ་བྱ་རྒྱག་རྒྱུ་ལམ་ལ་མ་བཏང་བ་ཧ་ཅང་ཡིན་ཞེས་ལངས་ནས་འགྲོ་གྲབས་བྱེད་པའི་སྐབས། ཨ་ཀྲུག་ཨ་དར་གྱིས་དེ་རིང་ང་ཚོའི་སྐད་ཆར་ངེས་པར་དུ་ཉན་དགོས། ང་འབྲོག་རྒན་ཡོན་ཏན་གང་ཡང་མེད་པའི་མི་ཆུང་ཆུང་ཞིག་ཡིན་ཡང༌། ངའི་སྐད་ཆ་དེ་ཨ་ཞང་དང་འབྲེལ་བའི་སྐད་ཆ་ཞིག་དང༌། ཕྱོགས་གཅིག་ནས་བོད་མི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བའི་སྐད་ཆ་ཆེན་པོ་ཞིག་ཡིན། དེ་རིང་ཁྱོད་ཚོས་སྐད་ཆར་མ་ཉན་ནས་ཕྱིན་པ་ཡིན་ན། རྗེས་སུ་དོན་རྐྱེན་ག་འདྲ་ཞིག་འཕྲད་ཀྱང་འགན་ཁྱེད་རང་ཚོས་ཁུར་དགོས་ཞེས་བརྗོད་ཀྱང༌། དོན་དང་མཐུན་པའི་ལན་གང་ཡང་མ་བརྒྱབ་པར་ཚོགས་འདུ་གྲོལ་འདུག་ལ། དེའི་རྗེས་སུ་མི་མང་པོ་འཛིན་བཟུང་བྱས་འདུག ལི་ཐང་གི་སྲང་ལམ་དུ་གང་བྱུང་གིས་མི་འགྲོ་མི་ཆོག་པ་དང༌། སྔོན་མ་དམག་མི་ཁྲི་གཉིས་ཤིག་སླེབས་ཡོད་པ་རེད་ཅེས་ཟེར་གྱི་ཡོད་པ་རེད། ད་དུང་ཡིན་ཡང་ཕྱི་ཚེས་༢༡ ཡས་མས་སུ་ཉིན་གུང་མིས་མཐོང་ས་རུ་དམག་མི་བསྡད་པའི་སྤྱི་སྤྱོད་རླངས་འཁོར་༡༤ སླེབས་ཡོད་པ་དང༌། དམག་གི་རླངས་འཁོར་ཆེན་པོ་བཞི་བཅས་བསྡོམས་པས་རླངས་འཁོར་༡༨ སླེབས་འདུག་པ་སོགས་ད་ལྟའི་ཆར་དམ་དྲག་ཧ་ཅང་ཆེན་པོའི་ཐོག་གནས་ཡོད་འདུག
དྲི་བ། ཨ་གྲགས་ཀྱི་དོན་རྐྱེན་དང་འབྲེལ་བའི་སྔ་ཕྱིར་ལི་ཐང་དུ་མི་མང་པོ་འཛིན་བཟུང་བྱས་སྐོར་གོ་ཐོས་བྱུང༌། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ཐོག་མ་མི་མང་གི་ཞི་བའི་ངོ་རྒོལ་གྱི་ནང་དུ་ཡོད་མཁན་བློས་ཐོགས་ཟེར་བ་རྗེས་སུ་རྒྱ་ནག་ཁྲིན་ཏུའུ་རུ་མགྲོན་ཁང་ཞིག་ཏུ་བསྡད་ཡོད་པ་དང༌། ཁོང་ཕྱི་ལ་འགྲོ་བའི་སྐབས་ཉེན་རྟོག་མི་སྣས་མགྲོན་ཁང་སྔོག་བཤེར་བྱས་པ་དང༌། རྗེས་སུ་བློས་ཐོགས་དང་མགྲོན་ཁང་གི་བདག་པོ་གཉིས་ཀ་འཛིན་བཟུང་བྱས་ནས་ད་ལྟ་གང་དུ་ཡོད་མེད་ཤེས་རྟོགས་གང་ཡང་མེད་པ་རེད། ཕྱི་ཚེས་༢༡ ཉིན་རྒྱ་གཞུང་གིས་དམག་མི་ཕོན་ཆེན་ཞིག་སླེབས་འདུག་པ་དང༌། དགོང་མོ་རྒྱ་ནག་གི་ཆུ་ཚོད་༧ དང་ཕྱེད་ཀའི་ཐོག་ཨ་ཀྲུག་རྒྱ་མཚོ་འཛིན་བཟུང་དང༌། དེ་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ་ཨ་ཀྲུག་ཉི་མ་ཡང་འཛིན་བཟུང་བྱས་འདུག དེ་དང་ཆབས་ཅིག་ཏུ་རུང་རྒྱས་ཚང་དང༌། ཨ་ཀྲུག་ཚང་གཉིས་ཀྱི་ཁྱིམ་ཚང་ཉེ་འབྲེལ་གྲོགས་པོ་ཡོངས་སུ་རྫོགས་པའི་ནང་སྔོག་བཤེར་བྱས་པ་དང༌། ལི་ཐང་གི་སྲང་ལམ་ཀུན་དུ་མི་མང་ལ་ཁ་རྡུང་བཏང་ནས་ཨ་ཀྲུག་བློ་སྤོ་གང་དུ་ཡོད་ཀྱང་ཁྲིད་ཤོག་ཅེས་བརྗོད་པ་སོགས་མི་མང་ལ་བརྡབ་གསིག་ཆེན་པོ་བཏང་འདུག གནས་ཚུལ་དེ་ཨ་ཀྲུག་བློ་སྤོས་ཐོས་རྗེས་ཁ་ཐུག་བཙོན་ཁང་དུ་ཕྱིན་འདུག བཙོན་ཁང་དུ་མ་སོང་བའི་སྔོན་ང་ཚོར་ཁ་པར་ཞིག་འབྱོར་བའི་ནང་དུ་ང་ཉེན་གཡོལ་ལ་ཐེངས་གཅིག་གཉིས་ཤིག་འགྲོ་ཐུབ་ཀྱི་རེད་དེ། མི་མང་ཉམ་ཆུང་དེ་ཚོའི་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཞིག་ཐེབས་འགྲོ་ཡི་འདུག་ཅེས་བརྗོད་སོང༌། བཙོན་ཁང་དུ་སོང་རྗེས་ཉེན་རྟོག་དཔོན་པོ་དེ་ལ། ཁྱེད་ཚོས་ཉམ་ཆུང་མི་མང་ལ་སྡུག་པོ་གཏོང་བ་དང༌། ངའི་སྤུན་མཆེད་དེ་ཚོ་གང་བྱུང་གིས་འཛིན་བཟུང་བྱེད་རྒྱུ་མཚམས་འཇོག་དང༌། འཛིན་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་དགོས་ཀྱི་ཡོད། ཁྱེད་རང་ཚོར་དགོས་པའི་མི་དེ་ང་རེད། ང་འདིར་སླེབས་ཡོད་ཅེས་བརྗོད་འདུག ལི་ཐང་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པས་ཁྱེད་རང་འཇུ་དགོས་པའི་ནག་ཉེས་དང་རྒྱུ་མཚན་ག་རེ་ཡོད་མེད་ངས་རྩ་བ་ཉིད་ནས་ཧ་གོ་ཡི་མེད། འོན་ཀྱང་སྲིད་གཞུང་གི་ཐོག་ནས་ཁྱེད་རང་འཛིན་བཟུང་གྱིས་ཤོག་ཅེས་བཀའ་རྒྱ་ནན་པོ་ཕེབས་པ་དང༌། གལ་སྲིད་འཇུ་བཟུང་མ་ཐུབ་པ་ཡིན་ན་འགན་ལྗིད་པོ་ཡོད་པ་དང༌། འཇུ་བཟུང་བྱེད་རྒྱུའི་ཆ་རྐྱེན་ཆེད་སྲིད་གཞུང་གི་ངོས་ནས་དམག་དང་གོ་མཚོན་ག་རེ་རོགས་པ་དགོས་ཀྱང་ཡོད་ཅེས་ང་ལ་བཤད་སོང༌། དེར་བརྟེན་ངས་ཁྱོད་རང་འཇུས་པ་ཙམ་ཡིན་ཞེས་བརྗོད་འདུག རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་ཉེན་རྟོག་འགོ་དཔོན་དེས་ད་རེས་ཁམས་ཕྱོགས་ཀྱི་ངོ་ལོག་པ་དང༌། མི་མང་གྱེན་ལངས་ཀྱི་གཏེ་པོ་དེ་ང་ཚོས་འཛིན་བཟུ་བྱེད་ཐུབ་པ་རེད་ཅེས་བརྗོད་འདུག་པ་དང༌། ཨ་ཀྲུག་བློ་སྤོ་ཆུ་ཚོད་གཅིག་ཀྱང་མ་བཞག་པར་རྒྱ་ནག་ཏུ་ཁྲིད་འདུག་པ་དང་དེའི་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མི་འདུག དེའི་རྗེས་སུ་ང་ཚོའི་སློབ་གྲྭའི་དགེ་རྒན་ཡིན་པ་ཀུན་མཁྱེན་ཟེར་བའི་གཞས་གཏོང་མཁན་ཞིག་ཡོད། ཁོ་རང་གི་ནང་མི་སྤུན་མཆེད་ཀྱི་ནང་སྔོག་བཤེར་བྱས་པ་དང༌། ཁོ་རང་ཡང་འཇུ་བཟུང་བྱས་སོང་ཞེས་གནས་ཚུལ་ཞིག་གོ་ཐོས་བྱུང་ལ། རྗེས་སུ་གནས་ཚུལ་ཤེས་རྟོགས་བྱུང་སྐབས་ཀུན་མཁྱེན་ཡང་འཛིན་བཟུང་བྱས་འདུག །