རུང་རྒྱས་ཨ་གྲགས་ཀྱི་བུ་མོ་གཉིས་ལ་བཅར་འདྲི།
དྲི་བ། ཁྱེད་རང་གི་སེམས་ལ་པ་ལགས་ཀྱིས་བོད་དོན་སྐད་འབོད་གནང་དགོས་པའི་བསམ་བློ་ཐོག་མར་རྒྱ་གར་ལ་སླེབས་ནས་འཁོར་བ་རེད་བསམ་གྱི་འདུག་གམ།
ལན། མི་འདུག ད་ལྟ་གཞི་ནས་དྲན་དུས་པ་ལགས་ང་ཚོ་ཚང་མ་རྒྱ་གར་དུ་མ་ཡོང་གོང་ནས་པ་ལགས་ཀྱིས་སེམས་ལ་བོད་དོན་སྐད་འབོད་གནང་དགོས་བསམ་གྱི་ཡོད་ས་རེད། ཉིན་གཅིག་ལ་པ་ལགས་ངེད་གཉིས་ཟོག་རྫི་ལ་ཡོད་སྐབས་ང་ཚོའི་ཁྱིམ་ལ་དཀའ་ངལ་གཅིག་ཀྱང་མེད་རུང༌། པ་ལགས་ཀྱིས་བསམ་བློ་བཏང་ནས་སྡོད་ཀྱི་འདུག ངས་པ་ལགས་ཞེས་འབོད་སྐབས་གཉིད་དཀྲོག་པ་ལྟ་བུ་བྱས་སོང༌། དེ་ནས་པ་ལགས་ཀྱིས་ང་ལ་ཨ་ཕས་བོད་ཀྱི་དོན་དུ་རང་སྲོག་བཏང་ན་ཁྱེད་ཀྱིས་ག་རེ་དྲན་ས་རེད་ཅེས་དྲིས་བྱུང༌། ངས་དེ་དུས་སྐད་ཆ་དེའི་དོན་ཤེས་མ་སོང་མོད། སྲོག་བཏང་ཟེར་བའི་ཚིག་དེ་ནམ་ཡང་བརྗེད་ཀྱི་མི་འདུག ཁ་སང་པ་ལགས་ཀྱིས་བཙོན་ཁང་དུ་ཁ་ལག་ཟ་ཡི་མི་འདུག་ཟེར་བ་གོ་དུས་སེམས་ཁྲལ་བྱུང༌། རྗེས་སུ་བོད་ལ་ཁ་པར་བཏང་ནས་བཙོན་ཁང་དུ་ཁ་ལག་ཟ་རོགས་ཅེས་ལན་བསྐུར་བ་ཡིན། ང་གཉིས་ལ་སེམས་སྡུག་མི་དགོས། པ་ལགས་ཁྱེད་རང་གི་རེ་བ་ནང་བཞིན་བྱེད་རྒྱུ་ཡིན་ཅེས་ལབ་པ་ཡིན། ད་ལྟ་སེམས་སྡུག་ཞེ་དྲག་མི་འདུག
བློ་བཟང་ཆོས་སྒྲོན།
དྲི་བ། ཨ་པ་ལགས་འཇུ་བཟུང་བྱས་པ་གོ་དུས་ཚོར་སྣང་ག་རེ་བྱུང་སོང༌།
ལན། ཁ་སང་དང་པོ་ཨ་ཕ་རྒྱ་མིས་བཟུང་སོང་བ་གོ་དུས་སེམས་པ་སྐྱོ་ནས་ངུས་པ་ཡིན། རྗེས་སུ་སྤུན་མཆེད་ཚོས་བསླབ་བྱ་གནང་བ་དང༌། ལོ་རྒྱུས་ཆ་ཚང་ཧ་གོ་དུས་སེམས་ཁྲལ་མི་འདུག གང་ཡིན་ཟེར་ན་དང་པོ་ཨ་ཕ་ང་ཚོ་རྒྱ་གར་དུ་མཉམ་པོར་ཡོང་ནས། ཨ་ཕ་མར་འགྲོ་ཁར་ང་གཉིས་ལ་བསླབ་བྱ་མང་པོ་གནང་སོང༌། དེ་དུས་ང་ཆུང་ཆུང་ཡིན་པས་ད་ལྟ་ཞེ་དྲག་དྲན་གྱི་མི་འདུག དེའི་རྗེས་སུ་ཨ་ཕ་དང༌། ཨ་མ་གཉིས་རྒྱ་གར་དུ་ཡོང་ནས་མར་ཕེབས་ཁར་ཨ་ཕས་བསླབ་བྱ་གནང་བ་ཚང་མ་ད་ལྟ་དྲན་ཡོང་དུས་སེམས་ལ་སྤོབས་པ་འདྲ་སླེབས་ཀྱི་འདུག
དྲི་བ། ཨ་ཕས་བསླབ་བྱ་ག་རེ་གནང་སོང༌།
ལན། ཨ་ཕས་ང་གཉིས་ལ་སློབ་སྦྱོང་ཡག་པོ་བྱོས། དགེ་རྒན་གྱི་བཀའ་ཡག་པོ་རྩིས། བོད་ཡིག་ཡག་པོ་སྦྱོང༌། ྋསྐྱབས་མགོན་རིན་པོ་ཆེར་གསོལ་བ་ཐོབ། རྗེས་མ་ཁྱེད་གཉིས་བོད་ལ་ཕན་ཐོགས་མཁན་ཞིག་ཨེ་ཡོང་མི་ཡོང་བྱེད་དགོས། ཨ་ཕ་ལ་ཡོན་ཏན་མེད་རུང་བོད་ལ་ཕན་ཐོགས་ཤིག་ཡོད་ན། ཨ་ཕས་སེམས་ཐག་ཆོད་ནི་རེད་ཅེས་གསུངས་བྱུང༌།།