ཚེ་རིང་དཔལ་ལྡན།

ད་ལྟ་ང་ཚོར་སྔོན་མ་དབྱིན་ཡུལ་གྱིས་རྒྱ་གར་ལ་དབང་བསྒྱུར་བྱེད་སྐབས་ཀྱི་ཤེས་ཡོན་སྲིད་ཇུས་དེའི་ཐོག་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། དེ་ནི་རྒྱ་གར་བ་དབྱིན་ཇི་ལ་ཕར་སྒྱུར་བྱེད་ཡིན་པ་ལས་ཁོ་ཚོས་རྒྱ་གར་ལ་དངོས་གནས་ཀྱི་ཤེས་ཡོན་ཡག་པོ་ཞིག་སྤྲོད་བྱེད་མ་རེད། ང་ཚོ་ཡང་དེའི་ཐོག་ལ་སོང་བ་ཡིན་ཙང་དེ་ག་ནང་བཞིན་ཕྱི་ལུགས་པ་ཞིག་ཆགས་པ་ལས་སོ་སོའི་སྐད་ཡིག་སོགས་ཡག་པོ་ཉར་ཐུབ་ཀྱི་མ་རེད་བསམ་གྱི་འདུག འོ་ན་ད་ལྟ་ང་ཚོས་ག་རེ་བྱེད་དགོས་ཀྱི་རེད་ཟེར་ན། བཀའ་ཤག་གིས་ང་ཚོར་ཤེས་ཡོད་སྲིད་བྱུས་གསར་པ་ཞིག་བཟོས་ཡོད་པ་དེའི་ཐོག་ལ་ང་ཚོའི་གཞུང་དང་མི་མང་གཉིས་ཀ་དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་འགྲོ་ཐུབ་ན་ང་ཚོའི་སྐད་ཡིག་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་པ་ལ་ཕན་ཆེན་པོ་ཐོགས་ཀྱི་རེད་བསམ་གྱི་འདུག ལྷག་པར་ད་ལྟ་ང་ཚོར་སློབ་ཚན་ནང་ལོ་རྒྱུས་ཞིག་བཤད་ཀྱང་རྒྱ་གར་སོགས་ཀྱི་སྐོར་མང་པོ་འདུག དེ་འདྲ་མ་ཡིན་པར་ང་ཚོ་ལ་བོད་རང་གི་ལོ་རྒྱུས་མང་པོ་ཡོད་པ་རེད། དེ་ཚོ་རྒན་པ་ཚོས་བུ་ཕྲུག་ཆུང་ཆུང་ཚོར་བཤད་པ་ཡིན་ན། ཁོ་ཚོ་ཆུང་ཆུང་སྐབས་ནས་ང་ཚོ་འདི་ལྟ་བུ་ཞིག་ཡིན་པ་རེད་བསམ་རྒྱུ་ཡོད་པ་ཞིག་ཆགས་ཀྱི་རེད། དཔེར་ན་རྒྱ་ནག་ནང་དེ་ག་རང་རེད། ཁོ་ཚོས་རྒྱ་ནག་གི་ལོ་རྒྱུས་དང་ཁོ་རང་ཚོ་ཡག་རབས་ཁོ་ན་བཤད་བསྡད་ནས་ང་ཚོའི་གཞོན་སྐྱེས་ཡང་མང་པོ་རྒྱ་ནག་ལ་ཕྱོགས་འགྲོ་ཡི་འདུག དེ་འདྲ་ཞིག་ང་རང་ཚོས་བྱེད་ཐུབ་ན་རང་རིགས་ལ་ཤ་ཞེན་སླེབས་ཀྱི་རེད། སྤྱིར་ང་ཚོར་མི་རིགས་ཀྱི་ཤ་ཞེན་ཡོད་པ་རེད་མོད་དེ་ནི་གནས་སྐབས་ཙམ་ལས་ཉིན་རྟག་པར་བོད་དོན་ཆེད་ངས་འདི་དང་འདི་བྱེད་བསམ་པ་མེད་པ་རེད། དེར་བརྟེན་མི་རིགས་ཀྱི་ཤ་ཞེན་འདི་ཉིན་རེའི་འཚོ་བའི་ནང་སླེབས་ཐུབ་པ་ཞིག་དགོས་ཀྱི་འདུག དེ་འདྲ་ཞིག་བྱུང་བ་ཡིན་ན། རང་རེའི་ཆོས་དང་རིག་གཞུང༌། སྐད་ཡིག་སོགས་རང་བཞིན་གྱིས་ཡར་རྒྱས་གོང་འཕེལ་དུ་འགྲོ་ཡི་རེད་བསམ་པ་ནི་ང་རང་གི་ལྟ་ཚུལ་ཞིག་ཡིན། མེ་སོར་ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།

Share this: