བློ་ཕམ་གྱི་ངང་འདིར་སླེབས་ཡོད།
ཤིང་བཟའ་རིན་པོ་ཆེས་ད་ལྟ་ང་ཚོ་རྒྱལ་ཁའི་ངང་འདིར་སླེབས་པ་མིན། བློ་ཕམ་གྱི་ངང་འདིར་སླེབས་ཡོད། དེ་རིང་གི་བློ་ཕམ་འདི་བརྒྱུད་ནས་ནམ་ཞིག་ལ་རྒྱལ་ཁ་ལེན་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་སོང༌།
གསར་འགོད་པས་ཤིང་བཟའ་རིན་པོ་ཆེ་ལ་མ་འོངས་པར་ལས་འགུལ་གྱི་འཆར་གཞི་ག་རེ་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས་ད་ལྟ་འཆར་གཞི་འདི་ཡིན་ཟེར་རྒྱུ་ཁག་པོ་འདུག སྔོན་མ་ཚོགས་པ་ལྔ་ཡི་གོ་སྒྲིག་འོག་གང་འཚམས་ཤིག་ལ་འགྲོ་ཐུབ་པ་རེད། ད་ལྟ་ང་ཚོ་ཡིན་ནའང་ས་ཆ་ཐག་ཉེ་སར་འགྲོ་ཐུབ་པ་རེད། དེ་འདྲ་བྱས་ནས་བོད་ནང་ལ་ང་ཚོ་སླེབས་ཐུབ་པ་བྱེད་དགོས་ཀྱི་རེད་བསམ་གྱི་འདུག ལས་འགུལ་དེ་མི་མང་གི་བསམ་ཚུལ་ལ་ལྟ་རྒྱུ་རེད། ང་ཚོ་འགོ་ཁྲིད་མཁན་དང་གོ་སྒྲིག་བྱེད་མཁན་མ་རེད། འདི་བྱེད་ཀྱི་ཡིན་ཟེར་ནས་ཐག་གཅོད་བྱེད་རྒྱུའི་དབང་ཚད་ང་ལ་ཡོད་པ་མ་རེད་ཅེས་གསུངས་སོང༌།
བོད་མི་ཚོས་ལས་དོན་ག་འདྲ་བྱེད་དགོས་མིན་ཐད་དགོངས་ཚུལ་གང་ཡོད་དང༌། གོམ་བགྲོད་པ་རྣམས་བོད་དུ་སླེབས་ཐུབ་ན་ག་རེ་ཐག་གཅོད་གནང་ཡོད་ཅེས་དྲིས་པར། ཁོང་གིས་བོད་ཕྱི་ནང་གཉིས་ཀ་རྡོག་རྩ་ཆིག་སྒྲིལ་དང༌། ལྷག་པར་དུ་བཙན་བྱོལ་དུ་ཡོད་མཁན་ཚོ་རྡོག་རྩ་ཆིག་སྒྲིལ་དགོས་ཀྱི་འདུག ང་ཚོ་ཡིན་ནའང་སུ་གཅིག་གིས་ཤོག་ལབ་ཡོད་པ་མ་རེད། ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་མིང་ཐོག་ནས་ལྡི་ལི་ནས་བསྐྱོད་པ་རེད་མོད། ས་མཚམས་སུ་སླེབས་ལ་ཉེ་སྐབས་གསང་བ་ཤོར་བ་རེད། ཚོགས་པ་གཅིག་དང༌། མི་གཅིག་གིས་འགོ་ཁྲིད་མིན་ལ་མ་ལྟོས་པར། སོ་སོའི་འགན་ཁུར་དགོས་ཀྱི་འདུག ཚོགས་པ་ཁག་ཡིན་ནའང་ཆིག་སྒྲིལ་དགོས་ཀྱི་འདུག་ཅེས་དང༌། བོད་ནང་དུ་ང་ཚོ་སླེབས་ན། ཡང་ན་འཇུ་ཡི་རེད། ཡང་ན་གསོད་ཀྱི་རེད། དེ་ང་ཚོའི་ཐག་གཅོད་རེད། དེ་ལ་བརྟེན་ནས་འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཡིན་པ་དང༌། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གསལ་བཤད་ཐུབ་རྒྱུའི་ཆེད་དུ་རེད་ཅེས་གསུངས་སོང༌།། ཐེངས་འདིའི་ཆེད་གཉེར་གསར་འགོད་པས་ལྡི་ལི་ནས།