སྲོལ་རྒྱུན་གྱི་གཞས་དེ་ཐུན་མོང་མ་ཡིན་པ་ཞིག་རེད།
དེར་བརྟེན་ང་ཚོའི་རིག་གཞུང་ཉམས་ཆག་འགྲོ་བཞིན་པའི་དུས་རབ་འདི་ལ་བཙན་བྱོལ་ནང་གི་ན་གཞོན་རྣམས་ནས་ཧིན་རྡིའི་གཞས་ལ་དོ་སྣང་མང་པོ་བྱེད་ཀྱི་འདུག དེར་བརྟེན་བོད་པའི་ན་གཞོན་རྣམས་དང་བོད་པའི་སྐོར་ལ་དོ་སྣང་ཡོད་མཁན་གྱི་མི་རིགས་གཞན་པ་རྣམས་བོད་པའི་རིག་གཞུང་དང་བོད་གཞས་ལ་དོ་སྣང་མང་དུ་འགྲོ་རྒྱུའི་ཆེད་དུ་གུས་པས་སྙན་འཇེབས་ལྡན་པའི་གླུ་གཞས་གང་མང་ཞིག་འབུལ་ཐུབ་རྒྱུའི་རེ་བ་ཡོད། མང་ཚོགས་ཀྱིས་གཞས་གཏོང་བདེ་པོ་དང་འཁྲུག་ཆ་དོད་པོའི་རིགས་ལ་དགའ་ཞེན་ཆེ་བ་འདུག བཙན་བྱོལ་ནང་གི་གཞས་པ་ཞིག་ལ་མཚོན་ན་གཞས་ཀྱི་གདངས་བཟོ་རྒྱུ་དང་འཁོར་ཐག་ཚོང་འགྲེམས་བྱ་རྒྱུ་དཀའ་ངལ་ཆེ་ཤོས་རེད། ད་དུང་འགའ་ཞིག་གིས་ཆེད་དུ་མིང་ཤས་བཟོས་པ་དེ་འདྲའི་གནས་ཚུལ་ཡོང་གི་འདུག་མོད། དེ་དག་སྣང་མེད་གཏོང་གི་ཡོད།
དྲི་བ། ཉེ་ཆར་ཁྱེད་རང་གིས་ྋགོང་ས་མཆོག་མཇལ་ཁ་ཞུས་པ་གོ་བས། དེའི་སྐབས་ྋགོང་ས་མཆོག་ནས་དམིགས་བསལ་གཞས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་དམ།
ལན། ཉེ་ཆར་༢༠༠༨ ཕྱི་ཟླ་༨ པའི་ཚེས་༦ ཉིན་ཞོགས་ཀ་ཆུ་ཚོད་དགུ་དང་ཕྱེད་ཀྱི་ཐོག་ང་རང་ལ་ྋགོང་ས་མཆོག་གི་མཇལ་ཁ་ཐོབ་བྱུང༌། དེ་དུས་ྋགོང་ས་མཆོག་གསུང་ཆོས་ཀྱི་སྐབས་དང་ཁེལ་བས་མཛད་འཕྲིན་ཤིན་ཏུ་ཆེ་སྟབས། ྋགོང་ས་མཆོག་ནས་དངོས་སུ་བཀའ་སློབ་དང་ལམ་སྟོན་གནང་རྒྱུ་མ་ཁོམ་པས་ང་རང་སྐུ་སྒེར་ཡིག་ཚང་དུ་བཏང་གནང་བྱུང༌། ང་རང་བོད་པའི་གཞས་པ་ཞིག་གི་ལས་འགན་དང་ང་རང་གི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་ཕུགས་བསམ་མདོར་བསྡུས་ཤིག་ཞུས་ཡོད།
དྲི་བ། བོད་པའི་སྲོལ་རྒྱུན་གྱི་གཞས་དང་དེང་རབས་གཞས་ཀྱི་བར་ཁྱད་པར་གཙོ་བོ་གང་རེད།
ལན། སྲོལ་རྒྱུན་གྱི་གཞས་ཟེར་བ་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་མཐོང་གི་འདུག་ལ། སོ་སོའི་མི་རིགས་ཀྱི་དཔང་རྟགས་ཞིག་ཀྱང་རེད། གང་ཡིན་ཟེར་ན་སྲོལ་རྒྱུན་གྱི་གཞས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་རོལ་ཆ་མ་གཏོགས་འགྲོ་ཡི་མ་རེད། དེར་བརྟེན་བོད་སྐད་མི་ཤེས་པའི་ཕྱི་རྒྱལ་བ་ཞིག་གིས་མདུན་ལ་བོད་པའི་སྲོལ་རྒྱུན་གྱི་གཞས་ཤིག་བཏང་བ་ཡིན་ན་ཁོང་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྤྲད་ཐུབ་ཀྱི་རེད། རོལ་ཆ་དང་གཞས་གཏོང་སྟངས་བོད་པའི་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་རེད། དེང་སང་གི་གཞས་ཟེར་བ་དེ་གཞས་ཀྱི་གདངས་ལ་ལྟོས་པའི་འཛམ་གླིང་སྤྱིའི་རོལ་ཆ་གང་སྙན་སྙན་བླུགས་རྒྱུ་ཡོད་པ་རེད་ལ། རོལ་ཆའི་འགྲོ་སྟངས་དང་གཞས་གཏོང་སྟངས་ཐུན་མོང་མ་ཡིན་པ་གང་ཡང་ཡོད་མ་རེད།
དྲི་བ། བཙན་བྱོལ་བོད་མིའི་གཞས་ཀྱི་ཁ་ཕྱོགས་གང་འདྲ་གཟིགས་ཀྱི་ཡོད།
ལན། ང་རང་གི་དྲང་པོ་བཤད་པ་ཡིན་ན་བཙན་བྱོལ་བོད་མིས་གཞས་ཀྱི་འགྱུར་ཁུག་དང་གཞས་ཚིག་ལ་བལྟ་ཡི་མི་འདུག གཞས་གཏོང་བདེ་པོ་དང་གཞས་ཚིག་གོ་བདེ་པོ་ཞིག་ལ་དགའ་སྣང་བྱེད་ཀྱི་འདུག ངས་བལྟས་ན་གཞས་ཟེར་བ་དེར་ངག་གི་འགྱུར་ཁུག་སྐད་སང་མཐོ་དམན་ཚང་མ་ཡོད་པ་ཞིག་དང་གཞས་ཀྱི་བརྗོད་བྱ་དོན་དང་ལྡན་པ་ཞིག་ལ་ཚད་ལྡན་གྱི་གཞས་ཤིག་ཏུ་མཐོང་གི་འདུག
དྲི་བ། མ་འོངས་པར་སྤྱི་ཚོགས་ནང་ལས་དོན་གང་ཞིག་བྱེད་འཆར་ཡོད་དམ།
ལན། མ་འོངས་པར་ང་རང་ྋགོང་ས་མཆོག་གི་ལམ་སྟོན་འོག་ནས་བོད་མི་ས་ཡ་དྲུག་དང་འབྲུག་པ། ལ་དྭགས། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་གཞས་ལ་དོ་སྣང་ཡོད་མཁན་ཚང་མ་མུ་མཐུད་ནས་བོད་གཞས་དང་བོད་པའི་རིག་གཞུང་ལ་དོ་སྣང་ཇེ་ཆེར་འགྲོ་བའི་ཆེད་དུ་གང་ཐུབ་འབད་བརྩོན་བྱ་རྒྱུའི་འདུན་པ་ཡོད།
དྲི་བ། བོད་ཀྱི་གཞོན་སྐྱེས་ཚོའི་ལས་དོན་བྱེད་ཕྱོགས་ཐོག་རེ་བ་ག་ཚོད་ཅིག་ཡོད་དང༌། དེར་འབོད་བསྐུལ་འདྲ་གནང་རྒྱུ་ཡོད་དམ།
ལན། ང་རང་གི་རེ་བ་ཆེ་ཤོས་ནི་བོད་པའི་གཞོན་སྐྱེས་ཚོར་བོད་ཡིག་ཡག་པོ་མེད་ནའང་བོད་སྐད་གཙང་མ་རྒྱག་རོགས་ཞུ་རྒྱུ་དང༌། ཆོལ་གསུམ་བོད་མིའི་ནང་ལོག་ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་པ་མ་བྱས་པར། མདོར་ན་ྋགོང་ས་ཡིད་བཞིན་ནོར་བུ་མཆོག་གི་བཀའ་དང་མ་འགལ་བ་ཞིག་བྱེད་རྒྱུ་ནི་ང་རང་བོད་པའི་གཞས་པ་ཞིག་གི་རེ་བ་ཡིན།།