གསེར་རྟ་རྫོང་ནས་བོད་མི་གསུམ་ལ་ཁྲིམས་ཆད།
ལམ་ཁར་ཁེལ་བའི་ཁེ་སྐོར་ཤང་གི་སློབ་གྲྭའི་སྒོ་ཆེན་ཐོག་བོད་དར་བཙུགས་པ་རྒྱ་དམག་གིས་འབེབས་གྲབས་བྱེད་སྐབས་མི་མང་བརྒྱ་ཕྲག་མང་པོས་ཞི་རྒོལ་བྱས་པར་རྒྱ་དམག་གིས་མི་མང་ཁྲོད་མེ་མདའ་འཕང་སྟེ་ཚེ་ཤུལ་སྡེ་བའི་མི་གཅིག་བསད་པ་དང༌། གཞན་མང་པོར་རྨས་སྐྱོན་དང༌། བཙོན་ཁང་དུའང་ཁྲིད་འདུག དུས་མཚུངས་སུ་ཕུག་གུ་དང་ལམ་བར་གྱི་མི་མང་ནས་རྒྱ་དམག་བཀག་འགོག་ཆེད་ཟམ་པ་གཅོད་པ་དང་སྐྱེས་པ་མང་པོ་ཧྲག་སྒྲུག་གིས་རི་ལ་འབུད་པ་དང༌། དགེ་འདུན་པ་མང་པོ་ལམ་ཁ་ནས་ཆོས་གོས་མནབས་ཏེ་ཞི་བའི་ངོ་རྒོལ་གནང་བ་སོགས་རྒྱ་གཞུང་གིས་ཐད་འཕུར་གནམ་གྲུ་བཞིས་མཚོན་དམག་མིས་དྲག་གནོན་བྱས་ཡོད་པ་དང༌། ལྷག་པར་དུ་སྐད་གྲགས་ཡོད་པའི་མི་སྣ་ཚབ་ཚའི་རིག་བདག་དང་སྨན་སྐྱབས། རོག་བཟའ་སྡེ་བའི་གོ་བསོད་བཅས་ལ་ལས་འགུལ་སྣེ་ཁྲིད་པའི་ཉེས་འཛུགས་འོག་འཛིན་བཟུང་བཀའ་རྒྱ་བཏང་སྟེ་རྩིས་སྤྲོད་བྱེད་མཁན་བྱུང་ན་རྒྱ་སྒོར་འབུམ་གཅིག་བྱ་དགའ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དང༌། རྗེས་སུ་ཁོང་གསུམ་དཀར་མཛེས་ཁུལ་ནས་འཇུ་བཟུང་གིས་༢༠༠༨ ཟླ་༡༢ པའི་ཚེས་འགོ་བར་གར་ཡོད་ནང་མིས་ཀྱང་ཤེས་རྟོགས་ཐུབ་མེད་ནའང༌། ཟླ་འདིའི་ཚེས་༡ ཉིན་ནང་མི་འགའ་ཤས་ཤིག་གསེར་རྟ་རྫོང་དུ་སྐད་བཏང་ནས་ཁོང་གསུམ་ལ་རྒྱ་སྒོར་ཁྲི་བཅུའི་ཉེས་ཆད་བཅད་པ་དང༌། ད་དུང་ཉེས་རྡུང་ཚབས་ཆེན་བཏང་བས་ནང་མིས་ཀྱང་ངོ་མི་ཤེས་པའི་ཚོད་ལ་སླེབས་འདུག ཚབ་ཚའི་རིག་བདག་ལ་ནད་གཞི་ལྕི་མོ་ཞིག་ཕོགས་ནས་ཉེས་ཆད་གཅོད་སྐབས་སུ་དམག་མིས་ཁུར་ནས་ཡོང་དགོས་ཐུག་འདུག་ན་ཡང༌། ད་བར་སྨན་བཅོས་གང་ཡང་བྱས་མི་འདུག སྐབས་དེར་ནང་མིར་ཐུག་འཕྲད་ཙམ་ལས་ཕན་ཚུན་སྐད་ཆ་ཤོད་པའི་གོ་སྐབས་སྤྲད་མི་འདུག ཟླ་འདིའི་ཚེས་༣ ཉིན་གསང་བའི་སྒོ་ནས་སྨན་སྐྱབས་ལ་ལོ་གཉིས་དང་ཕྱེད་ཀ གོ་བསོད་ལ་ལོ་གཉིས། ཚབ་ཚའི་རིག་བདག་ལ་ལོ་གཅིག་བཅས་ཀྱི་ཁྲིམས་ཐག་བཅད་འདུག
ཚབ་ཚའི་རིག་བདག་ནི་༡༩༩༥ ལོ་གསེར་རྟ་རྫོང་གི་རྒྱན་གོས་འགྲན་སྡུར་ཐོག་ཨང་དང་པོ་ཐོབ་ཡོད་ན་ཡང༌། ྋགོང་ས་མཆོག་གི་སྐུ་པར་བཏགས་ཡོད་པའི་རྒྱུ་མཚན་གྱིས་བྱ་དགའ་ཨང་དང་པོ་མ་སྤྲད་པའི་གླེང་ཕྱོགས་བྱུང་ཡོད་པ་དང༌། དེ་རྗེས་ྋགོང་ས་མཆོག་གི་ཐུགས་དགོངས་དང་མི་མཐུན་པ་ཤེས་རྗེས་རྒྱ་གཞུང་གི་སྔར་རྒྱུན་ལྟར་རྒྱན་གོས་འགྲན་བསྡུར་ལ་འགྲོ་དགོས་ཞེས་བཤད་མིན་མ་ལྟོས་པར་ཞུགས་མེད་པ་མ་ཟད། ༢༠༠༦ ལོར་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་ཁོང་དང་གོ་བསོད་གཉིས་ཀྱིས་སྣེ་ཁྲིད་ནས་གསེར་རྟ་རྫོང་ཕུག་གུ་ཤང་དུ་རྒྱ་སྒོར་ཁྲི་སུམ་བརྒྱའི་མ་གནས་ཀྱི་པགས་རིགས་མེ་སྲེག་གི་ལས་འགུལ་སྤེལ་བས་ཁོང་ལ་ཉེན་རྟོག་པས་འདྲི་དཔྱོད་དང་ཉེས་ཆད་བཀལ་བ་སོགས་མདོར་ན་ཁོང་ནི་ཡུལ་མིའི་མཐོང་དང་ཆ་འཇོག་ཆེན་པོ་ཡོད་པ་དང༌། རྒྱུན་དུ་ྋགོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་མཁན་ཞིག་ཡིན་པ་རེད། སྨན་སྐྱབས་ནི་ཁོང་གི་ནང་གཅིག་པའི་ཚ་བུ་ཡིན་པ་དང༌། གོ་བསོད་ནི་ཁོང་གི་ཚོང་རོགས་ཡིན་པ་རེད།།