བལ་ཡུལ་སྲོང་བཙན་སློབ་གྲྭའི་ལོ་འཁོར་རྩེད་འགྲན།
དེ་ནས་སློབ་མ་གསུམ་གྱིས་བོད་བལ་དབྱིན་གསུམ་གྱི་སྐད་ཡིག་ཐོག་མཛད་སྒོ་ལ་ཕེབས་པའི་དགའ་བསུ་འཚམ་འདྲི་དང་མཛད་སྒོ་ངོ་སྤྲོད་གནང་ཡོད། སློབ་མ་ཁག་ཅིག་ནས་ཡོ་ག་རྩེ་བཞིན་དགེ་རྒན་གཉིས་ཀྱིས་དབྱིན་བོད་གཉིས་ཀྱི་སྐད་ཐོག་ཡོ་གའི་འགྲེལ་བཤད་ཀྱང་བྱས་སོང༌། དེའི་རྗེས་སློབ་མ་རྣམས་ནས་རུ་བསྒྲིགས་ནས་དབྱིན་ཡིག་ཞི་བདེ་ཞེས་པ་དང༌། འཁོར་ལོ་སོགས་ཀྱི་རི་མོ་བཟོ་བཀོད་བྱས། དེ་ནས་རིམ་པས་ཇོ་མོ་གླང་མའི་ཁང་ཚན་དང༌། ཁྲི་སྲོང་ཁང་ཚན། ཐོན་མི་ཁང་ཚན། ཨམ་ཤུ་ཁང་ཚན་བཅས་ཁང་ཚན་བཞིའི་སློབ་མ་ཡོངས་ནས། རྒྱུག་ཤར་དང༌། ཐག་མཆོང་རྒྱུག་ཤར། ཐག་པ་འཐེན་པ་སོགས་རྩེ་འགྲན་སྣ་ཚོགས་བྱས་ཡོད་པ་རེད། རྩེད་འགྲན་གྲུབ་མཚམས་སུ་སྐུ་མགྲོན་རིམ་པས་བྱ་དགའ་གནང་ཞིང༌། བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ལོ་དེའི་བུ་ཡག་ཤོས་རྡོ་རྗེ་དབང་ཕྱུག་དང་བུ་མོ་ཡག་ཤོས་པདྨ་མཚམས་ཆོས་གཉིས་ལ་བྱ་དགའ་གསོལ་རས་གནང་ཡོད། སྐུ་མགྲོན་གཙོ་བོ་མཆོག་གིས་བཀའ་སློབ་གསུང་བཤད་དང༌། སྲོང་བཙན་སློབ་གྲྭའི་དགེ་ཆེན་མཆོག་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་རྩེད་མགྲན་ལེགས་གྲུབ་བྱུང་བ་རེད།། བལ་ཡུལ་གསར་འགོད་པ་རྒྱ་སྟུག་འཇམ་དབྱངས་ཀྱིས།