གནས་མཆོག་ལུམྦི་ནིའི་སློབ་ཐོན་མཛད་སྒོ།
བསྟན་འགྲོའི་ྋསྐྱབས་མགོན་ྋས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང༌། ྋསྐྱབས་མགོན་བདག་ཆེན་འཇིགས་བྲལ་ས་སྐྱ་པ་ཆེན་པོ་མཆོག ྋསྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྣམ་གསུམ་ཞབ་སོར་འཁོད་ཁར། གདན་ས་ཁག་གི་བླ་ཆེན་རྣམས་དང༌། མཁན་སྤྲུལ་དགེ་སློབ་གྲྭ་བཙུན། ཕྱི་ནང་སྐུ་མགྲོན་མི་མང་དང་བཅས་བདུན་སྟོང་ལྷག་ཙམ་གྱིས་ཕེབས་བསུ་ཟབ་རྒྱས་ཞུས། ཚོགས་མགོན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་སྣང་གསལ་ཞལ་དབྱེ་བཀའ་དྲིན་བསྐྱངས་རྗེས་རིམ་པ་བཞིན། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་བ་ཁག་གཅིག་ནས་བོད་སྐད་དང་སཾསྐྲྀའཏའི་སྐད་ཐོག་འཇམ་པའི་དབྱངས་ཀྱི་བསྟོད་དབྱངས་དང༌། ས་སྐྱ་མཐོ་སློབ་ཀྱི་རིག་ཀླུའི་མཆོད་སྤྲིན་ཕུལ། མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ནས་ཚོགས་མགོན་རྣམ་གསུམ་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང༌། དུས་ཆེན་ངོ་སྤྲོད་གསུང་བཤད་གནང༌། མཆོག་སྤྲུལ་བྲའུར་མེ་རྒན་རིན་པོ་ཆེ་ནས་དབྱིན་སྐད་དང་མདོ་སྨད་འཁོར་ཆགས་རིན་པོ་ཆེ་ནས་བལ་པོའི་སྐད་ཐོག་ངོ་སྤྲོད་གནང༌། ཚོགས་མགོན་ས་སྐྱ་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་ངོ་ཡོད་གྲངས་བརྒྱད་ཅུ་གྱ་བདུན་ལ་སློབ་དཔོན་དང་བཀའ་བཅུ་པའི་ཕྱག་ཁྱེར་དང་སྡེ་སྣོད་གསུམ་མཚོན་པའི་དབུ་ཞྭ་ཟླ་གམ་རྣམས་བསྩལ། སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་དང་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་བོད་དབྱིན་སྐད་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཚམས་སྔ་དྲོའི་མཛད་རིམ་ལེགས་གྲུབ་བྱུང༌། ཕྱི་དྲོ་ཆུ་ཚོད་༢ཐོག་ཚོགས་ཡངས་ལ་བསྙེན་བཀུར་དང༌། བསྟན་འགྲོའི་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་མཆོག་ནས་སྙན་དེབ་རྣམ་ཤེས་དཀྲོགས་པའི་རོལ་དབྱངས་དང་ལུམྦྀནཱི་གནས་བཤད་ཞེས་པའི་དེབ་གཉིས་དབུ་འབྱེད་དང་བླང་དོར་བཀའ་སློབ་བསྩལ། ྋསྐྱབས་མགོན་བདག་ཆེན་རིན་པོ་ཆེ་མཆོག་ནས་བསླབ་ཐོན་རྣམས་ལ་ཀུན་མཁྱེན་བཀའ་འབུམ་རེ་གསོལ་རས་དང༌། ངོར་ཆེན་ཀླུ་ལྡིང་མཁན་ཆེན་མཆོག་ནས་བླ་གོས་ཆོས་གོས་རེ་གསོལ་རས་བཀའ་དྲིན་བསྐྱངས། མཛད་སྒོ་དང་འབྲེལ་བའི་རིག་གཞུང་གཟིགས་འབུལ་ཞུས་རྗེས་སློབ་ཐོན་མཛད་སྒོ་ལེགས་གྲུབ་བྱུང་སོང༌། གནས་ཚུལ་འཁོ་མདོན་པ་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ནས།