ལྷོ་ཕྱོགས་སུ་ཞི་བདེའི་གཟེངས་རྟགས་དུས་ཆེན་སྲུང་བརྩི།
ཉིན་མོ་དེའི་ཞོགས་པའི་ཆུ་ཚོད་༨ ཕྱེད་ཐོག་ྋརྒྱལ་བའི་ཕོ་བྲང་དུ་དགེ་འདུན་པ་རྣམ་ཀྱིས་འཕྲིན་བཅོལ་དང་མི་མང་གིས་བསང་གསོལ་སོགས་གྲུབ་རྗེས། སྐྱ་སེར་མི་མང་ལྷན་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་མོ་དང་རྒྱ་གར་ཀྱི་རྒྱལ་གླུ་བླངས་པ་དང་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་དུས་དྲན་མཛད་སྒོ་འགོ་འཛུགས་བྱས། རིམ་བཞིན་ལུགས་བསམ་ས་གནས་འགོ་འཛིན་བཀྲ་ཤིས་དབང་འདུས་དང་བདེ་སླར་ས་གནས་འགོ་འཛིན། དེ་བཞིན་ལྷོ་ཕྱོགས་འཕགས་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་རྗེ་རཱ་བྷོ་ར་ལགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང༌། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་ནས་ྋགོང་ས་མཆོག་གི་བླ་ན་མེད་པའི་མཛད་རྗེས་ལ་དགའ་སྤྲོའི་རྗེས་དྲན་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་ལ་གསལ་བཤད་དང་འབྲེལ་བའི་གཏམ་བཤད་གནང༌། ད་དུང་ད་ལོར་མི་ཚང་སྒེར་དང་ཚོགས་པ་ཁག་བཅས་ཀྱིས་བོད་གཞུང་མང་ཛ་དྲག་ཚོགས་པའི་བཀོད་ཁྱབ་བཞིན་བོད་ཀྱི་རྒྱལ་དར་ཁང་ཐོག་ཏུ་བསྒྲེངས་འཛུགས་བྱས་ཡོད་ཀྱང༌། ད་ལྟ་ས་གནས་གང་སར་མང་ཆེ་བ་ཞིག་རྙིང་རལ་དུ་གྱུར་ཀྱང་ད་དུང་གསར་བ་བརྗེ་བའམ་ཡང་མེད་པ་བྱེད་པ་སོགས་གང་ཡང་མེད་པར་བདག་མེད་ལྟར་ལུས་ཡོད་པར་བདག་པོ་དགོས་ཚུལ་སོགས་གསུངས། ཁོང་གིས་རྒྱལ་དར་ནི་དར་ལྕོག་ཙམ་ཞིག་དང་མི་འདྲ་བར་རྒྱལ་ཁབ་ཞིག་གི་མཚོན་རྟགས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་དེ་ལ་བདག་པོ་མི་བྱེད་པ་ནི་ཧ་ཅང་ཐབས་སྡུག་རེད་ཅེས་སོགས་གསུངས། ས་གནས་ལྷ་མོ་ཚོགས་པས་ལྷ་མོའི་གཟིགས་མོ་ཕུལ་ཚར་བ་དང༌། བྷེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག རྒྱལ་བའི་ཕོ་བྲང་དང་ལུགས་བསམ་གཞིས་གྲོང་དང་པོའི་བར་དུ་ད་ལོ་བོད་ནང་བྱུང་བའི་ཡ་ངའི་དོན་རྐྱེན་སོགས་དང་མོམ་བྷེ་རུ་འཇིགས་སྐུལ་བས་མི་བསད་གོད་ཆག་བཏང་བ་བཅས་ལ་དམིགས་པའི་ཞི་བའི་གོམ་བསྒྲོད་ཞིག་ཀྱང་བྱས་ཡོད་པ་རེད།
དེ་བཞིན་གོ་ལི་གྷར་དོན་ལྡན་གླིང་དུའང་གོང་ཚེས་ཉིན། ྋགོང་ས་སྐུ་ཕྲེང་༡༤ པ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༡༩ འཁོར་བའི་དུས་དྲན་དུ་ཀོ་ལི་གྷལ་དོན་ལྡན་གླིང་ནས་རྒྱལ་བའི་ཕོ་བྲང་དུ་གཞུང་འབྲེལ་མཛད་སྒོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་སྐུ་ཚབ་དང༌། ས་གནས་འགོ་འཛིན་རྣམ་གཉིས་བཅས་ནས་རྒྱལ་བའི་ཕོ་བྲང་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མན་ཌལ་རྟེན་གསུམ་འདེགས་འབུལ་ཞུས། དགོན་སྡེ་ཁག་དང་སྡེ་ཚན་ཁག་བཅས་གྱིས་སྐུ་ཚབ་མི་སྣ་སོགས་ཀྱིས་རྒྱལ་བའི་སྐུ་པར་རིན་པོ་ཆེ་གསུང་ཆོས་རྭ་བར་གདན་ཞུས་བཞུགས་ཁྲིར་འཁོད། བསང་གསོལ་དང་འཕྲིན་བཅོལ་གནང༌། སློབ་ཕྲུག་རྣམ་གྱིས་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དང་ཞི་བདེའི་བསྟོད་བྱིངས་ཕུལ། ས་གནས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོའི་སྐུ་ཚབ། རང་བདེན་ཚོགས་ཆུང་གི་སྐུ་ཚབ་བཅས་ཀྱི་དུས་དྲན་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས་དོན་ལྡན་གླིང་ཉིན་སློབ་ཀྱི་རྩེ་ཕུད་སློབ་ཕྲུག་གཉིས་དང་ཤེས་རིག་ལས་ཁུངས་སུ་ལོ་༢༥ རིང་ཕྱག་ལས་གནང་བའི་ལས་ཕྱེད་རྣམ་ལ་ལེགས་སྐྱེས་བྱ་དགའ་ཕུལ། མཇུག་མཐར་མཉམ་དྲུང་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་དུས་དྲན་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།།
མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་ཕྱི་ཚེས་བཅུ་གཅིག་ཉིན།