དགའ་ལྡན་དུ་འཇང་དགུན་ཆོས་ཆེན་མོ་འཚོག་བཞིན་པ།
དེ་ཡང་ཐོག་མ་དགེ་འདུན་པའི་དབུས་སུ་དགའ་ཤར་དགེ་སྐོས་མཆོག་གིས་ད་ལྟ་འདི་ག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གདན་གསུམ་བཀྲས་ལྷུན་དང་བཅས་རི་བོ་དགེ་ལུགས་པའི་ཆོས་སྡེ་ཆེ་ཕྲ་གང་མང་ཞིག་གི་དགེ་འདུན་པ་ཆེད་ཕེབས་ཀྱིས་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་སྤྱི་དང་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བསྟན་པར་སློབ་གཉེར་གནང་འབྲས་མངོན་པར་གསལ་བའི་ཐོག་ནས་དེ་རིང་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྐབས་ཚིག་རྩུབ་དང་ཁ་རྒྱགས་སོགས་བེད་སྤྱོད་མི་གནང་བར་རིགས་པ་རྩེ་གཅིག་བསྒྲིམས་པའི་ཐོག་ནས་གནད་དུ་སྨིན་པའི་བགྲོ་གླེང་གནང་དགོས་སྐོར་དང༌། དེ་བཞིན། ྋགོང་ས་མཆོག་གི་དགོངས་དོན་བཞིན་མ་འོངས་པར་རྒྱལ་བསྟན་སྤྱི་ལ་ཐོས་བསམ་སློབ་གཉེར་གནང་དགོས་པ་མ་ཟད། འདི་ལྟ་བའི་འཇང་དགུན་ཆོས་ཆེན་མོ་ལྟ་བུར་ས་སྐྱ༌། བཀའ་བརྒྱུད། རྙིང་མ། དགེ་ལུགས། བོན་པོ་སོགས་ཆོས་བརྒྱུད་ཆེ་ཁག་ཚང་མ་ཕེབས་ནས་ནང་བསྟན་སྤྱི་དང་ཆོས་བརྒྱུད་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཐེག་ཆེན་གྲུབ་མཐའ་འཛིན་པའི་ཆོས་བརྒྱུད་ཡོངས་ཀྱིས་ནང་བསྟན་འདི་ལ་ཕན་པའི་སློབ་གཉེར་གནང་ཕྱོགས་དང་ཉམས་སུ་ལེན་སྟངས། མདོར་ན་རྒྱལ་བསྟན་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་དགོས་སྐོར་སོགས་གསུངས་ཡོད་པ་དང༌།
དེ་བཞིན་དགའ་བྱང་དགེ་བསྐོས་གོ་བོ་ཟླ་བ་བཟང་པོ་ལགས་ཀྱིས་གསར་འགོད་པར་གསུང་དོན། ལོ་སྔོན་མ་ལྟ་བུ་ཡིན་ན་འཇང་དགུན་ཆོས་ལ་ཕེབས་མཁན་མང་པོ་ཡོད་ན་ཡང༌། དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་ཕན་ཚུན་འདྲེས་ནས་སྤུས་དག་པོ་ཡོད་པ་མ་རེད། དེ་ནས་ྋགོང་ས་མཆོག་འདི་གར་ཕེབས་ནས་བཀའ་སློབ་ཟབ་མོ་གནང་དོན་བཞིན་དགོན་པ་གྲྭ་ཚང་ཁག་གིས་ཀྱང་བཀའ་རྩ་སྤྱི་བོར་བླངས་ནས་ཁ་དང་ཁ་སྤུ་ལོགས་སུ་བཀར་ནས་ད་ལྟ་ཚང་མ་བློ་བདེ་བོ་ཆགས། ད་ལྟ་འདིར་འཚོགས་པའི་གདན་གསུམ་གཙོས་པའི་ཆོས་སྡེ་ཁག་གི་དགེ་འདུན་སྟོང་ཕྲག་བདུན་ཙམ་ཞིག་ཕེབས་ཡོད་པ་འདི་དག་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཏེ་བླ་མ་གཅིག་གི་སློབ་མ། དཀྱིལ་འཁོར་གཅིག་གི་ལྷ་ཚོགས། རྡོ་རྗེའི་སྤུན་གྲོགས་ཟེར་བ་དེ་འདི་འདྲ་ལོས་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ཡིད་ཆེས་བློས་ཁེལ་གྱི་ཐོག་རང་རང་གིས་རྣམ་དཔྱོད་རིགས་པའི་རྩལ་བཏོན་ནས་རྒྱལ་བསྟན་རིན་པོ་ཆེར་བགྲོ་གླེང་གི་ལམ་ནས། ཕན་ཚུན་དགོངས་དོན་བརྗེ་ལེན་གནང་གི་ཡོད་སྐོར་དང༌། གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་རྒྱུད་སྨད་སོགས་སྔར་ཕེབས་ཐུབ་ཀྱི་ཡོད་རེད། ད་ལོ་ནས་བཟུང་གསར་དུ་ཕེབས་མཁན་དྭགས་པོ་གྲྭ་ཚང༌། རྣམ་རྒྱལ་གྲྭ་ཚང༌། རྫོ་དཀར་ཆོས་སྡེ། ཆོས་བརྒྱུད་གཞན་ནས་འབྲི་གོང་བཀའ་བརྒྱུད་སོགས་ཀྱི་དགེ་འདུན་པ་ཆེད་ཕེབས་གནང་འདུག་ལ། ཕེབས་པ་ཙམ་མ་ཡིན་པར་ནམ་རྒྱུན་བཞིན་དགེ་འདུན་སྤྱི་མང་དང་ལྷན་དུ་སློབ་གཉེར་གནང་ཕྱོགས་དང་བགྲོ་གླེང་གནང་ཕྱོགས་སོགས་ཧ་ཅང་ཚགས་ཚུད་པོ་དང་སྒྲིག་དང་ཀུན་སྤྱོད་སོགས་བརྩི་སྲུང་གནང་ཕོགས་སོགས་ཧ་ཅང་ལེགས་པོ་རེད་འདུག འབྱུང་འགྱུར་ཡིན་ནའང༌། ས་སྐྱ། བཀའ་རྒྱུད། རྙིང་མ། དགེ་ལུགས། བོན་པོ་སོགས་ཆོས་བརྒྱུད་ཡོངས་རྫོགས་མཉམ་ཞུགས་མཉམ་ཕེབས་ཐུབ་པའི་རེ་བ་ཡང་ཤུགས་ཆེ་ཡོད་སྐོར་སོགས་གསུངས་སོང༌།
མོན་གྷོ་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།