རྒྱལ་ཚོགས་ཀྱི་དྲུང་ཆེས་བོད་དོན་གླེང་བར་དགའ་བསུ།
རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་བོད་ཀྱི་གནད་དོན་དེ་སེལ་ཐབས་དགོས་པར་སྐུལ་མ་གནང་རྗེས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ྋགོང་ས་མཆོག་གི་སྐུ་ཚབ་མཉམ་པོར་གྲོས་མོལ་བྱེད་རྒྱུའི་སྒོ་མོ་དེ་ཕྱེ་ནས་ཡོད་སྐོར་དང༌། དེ་ལ་གྲུབ་འབྲས་འབྱུང་མིན་ྋགོང་ས་མཆོག་གི་ཕྱག་ཏུ་ཡོད་སྐོར་བསྐྱར་བཟློས་བྱས་ཡོད་འདུག བཀའ་ཤག་གི་གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་གིས་བོད་ཀྱི་གནད་དོན་གླེང་བ་དེས་འཛམ་གླིང་ནང་བོད་ཀྱི་ཡ་བའི་གནས་སྟངས་ལ་ཐུགས་འཚབ་ཡོད་པ་མཚོན་གྱི་ཡོད་སྐོར་དང༌། ཁོང་གིས་འབོད་སྐུལ་གནང་བ་དེས་རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་ཕན་གྱི་བོད་ཀྱི་དཀའ་རྙོག་སེལ་ཐབས་འབད་བརྩོན་གནང་བའི་རེ་བ་ཡོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གྲོས་མོལ་སྒོ་མོ་ཕྱེ་ཡོད་སྐོར་བརྗོད་པ་དེར་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་ཡོད་པས་ཕྱོགས་གཉིས་ཀའི་གྲོས་མོལ་མདུན་བསྐྱོད་བྱེད་ཐབས་མེད་པ་བཟོས་ཡོད་པ་རེད། རྒྱ་ནག་གཞུང་ངོས་ནས་ཕྱོགས་གཉིས་ཀྱི་དཀའ་ངལ་སེལ་ཐབས་ལ་ྋགོང་ས་མཆོག་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་རྟོག་ཞིབ་དང་འབྲེལ་དེ་དག་ལ་ནོར་བཅོས་དགོས་པ་རེད། ད་ལྟ་རྒྱ་ནག་གིས་བཟུང་བའི་སྲིད་ཇུས་དེ་གྲོས་མོལ་མདུན་བསྐྱོད་བྱེད་རྒྱུའི་འགོག་རྐྱེན་ངོ་མ་དེ་ཡིན་པ་དང༌། དེས་གྲོས་མོལ་གྱི་སྒོ་མཐའ་གཅིག་ཏུ་བརྒྱབ་ཡོད་པ་རེད། ༡༩༧༩ ལོ་ནས་ྋགོང་ས་མཆོག་གི་དབུ་མའི་ལམ་ལས་བོད་རང་བཙན་རྩོད་ཀྱི་མེད་ནའང༌། རྒྱ་ནག་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ྋགོང་ས་མཆོག་གི་དགོངས་པར་ལོག་འགྲེལ་བྱེད་ཀྱི་ཡོད་པས། བོད་ཀྱི་གནད་དོན་སེལ་རྒྱུར་འདོད་པ་རྩ་བ་ནས་མེད་པ་སྟོན་གྱི་ཡོད་པ་རེད། བོད་རྒྱའི་འབྲེལ་མོལ་ཐོག་བོད་མིའི་ཕྱོགས་ནས་ལྷག་བསམ་རྣམ་དག་ཡིན་པ་དང༌། ག་དུས་ཡིན་ནའང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཡོད་སྐོར་སོགས་འཁོད་ཡོད་པ་རེད།།