ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ།

བསོད་ནམས་དཔལ་འབར་ལགས་ཀྱང་ཤེས་བརྩོན་ཅན་ཞིག་ཡིན་པ་དང༌། དགེ་ཆོས་ལགས་དང་ངའི་ཇོ་ལགས་ཀྱི་གྲོགས་ཉེ་པོ་ཞིག་ཀྱང་རེད། ངས་དགེ་ཆོས་ལགས་ཐོག་མར་ཁོང་རྒྱ་གར་ལ་མ་ཕེབས་སྔོན་མཇལ་བྱུང༌། ཁོང་ང་ཚོའི་གཟིམ་ཤག་ཏུ་ཇོ་ལགས་མཇལ་བར་བཅར་བྱུང༌། དེ་དུས་ཁོང་གིས་གྲྭ་ཆས་བཞེས་མི་འདུག། ཕལ་ཆེར་དེ་དུས་ནས་སྐྱར་བབས་ཟིན་པ་འདྲ། ཁོང་གིས་བལ་གྱི་ཕྱུ་པ་སྔོ་ནག་ཅིག་ལྷུག་པོར་བཞེས་འདུག ཁོང་གི་དབུ་སྐྲ་ཧ་ཅང་ཐུང་ཐུང་འདུག་ཀྱང་དབུ་རིལ་རང་མ་རེད། ཁོང་ཞལ་ངོ་ཅུང་ཟད་རིད་ལ་ཐུགས་མ་སྤྲོ་བའི་རྣམ་པ་ཞིག་འདུག་ཀྱང༌། ཞི་འཇམ་གྱི་རང་བཞིན་ཕྱིར་གསལ་བོར་མངོན་གྱིན་འདུག ཁོང་གི་སྐུ་གཟུགས་རིང་ཐུང་སྤྱིར་བཏང་ཙམ་རེད། བཀའ་མོལ་གནང་སྐབས་ཁོང་ནི་ངག་འཇམ་ལ་མཐོ་ཉམས་རྩ་བ་ནས་མི་འདུག ངའི་ཇོ་ལགས་ཀྱིས་དགེ་ཆོས་ལགས་དང་མཉམ་དུ་མཚན་གང་རིག་གནས་དང་འབྲེལ་བའི་བཀའ་མོལ་དང༌། རྫོགས་རྒྱུ་མེད་པའི་གཏམ་གླེང་དབུ་འཁོར་པོ་དེ་འདྲ་གནང་ནས་བཞུགས་པ་དང༌། རྗེས་སུ་བདག་ལ་དེ་དག་གསུངས་ཀྱི་རེད། དགེ་ཆོས་ལགས་ང་ཚོའི་གཟིམ་ཤག་ཏུ་ཡང་ཡང་མ་ཕེབས་ནའང༌། ཇོ་ལགས་རྟག་ཏུ་ཁོང་གི་རྩར་ཕར་བཅར་གྱི་རེད། དེ་ལྟར་ངས་ཇོ་ལགས་རྩ་ནས་དགེ་ཆོས་ལགས་ཀྱི་སྐོར་མང་པོ་ཐོས་པ་རེད། ཇོ་ལགས་ཀྱིས་རྒྱུན་དུ་དགེ་ཆོས་ལགས་ལ་བསྔགས་བརྗོད་དང་བསྟོད་པ་བྱེད་པས་ང་རང་གིས་ཀྱང་ཁོང་ལ་གུས་ཞབས་དང་བརྩི་བཀུར་ཆེན་པོ་བྱེད་ཀྱིན་ཡོད།

ངས་གསལ་པོ་དྲན་པ་ཞིག་ལ། ཇོ་ལགས་ཀྱིས་བདག་ལ་དེ་འདྲ་ཞིག་གསུངས་བྱུང༌། དགེ་ཆོས་ལགས་ཀྱི་ཡབ་སྔགས་པ་མཐུ་ཆེན། ཆོས་ཀྱི་རྟོགས་པ་སྐད་ཅིག་ཉིད་དུ་ངལ་བ་ཅུང་ཙམ་ཡང་མེད་པར་མངོན་སུམ་དུ་སྟོན་ཐུབ་མཁན་ཞིག་ཡིན་པ་དང༌། དགེ་ཆོས་ལགས་ཨ་མདོར་བཞུགས་སྐབས། མཚན་མོར་རྭ་ཅོ་ཅན་གྱི་སེམས་ཅན་ཞིག་གིས་ཁོང་བདས་པ་དང༌། བོད་དབུས་ཕྱོགས་སུ་འབུད་པའི་རྨི་ལམ་ཡ་མཚར་བ་ཐེངས་མང་བཏང་བས། ཨ་མདོ་ནས་ལྷ་སར་ཕེབས་ཏེ་འབྲས་སྤུངས་སུ་ཆོས་ཞུགས་མཛད་པ་རེད་ཟེར། དགེ་ཆོས་ལགས་ཀྱིས་རྨི་ལམ་ནང་གི་སེམས་ཅན་རྭ་ཅོ་ཅན་དེ་དགེ་ལུགས་པའི་སྲུང་མ་དམ་ཅན་ཆོས་རྗེ་ཡིན་པར་གསུངས་ཤིང༌། རྨི་ལམ་དེ་ཁོང་ཉིད་ཨ་མདོ་བཞག་སྟེ་ལྷ་སར་དགེ་ལུགས་པའི་སློབ་གཉེར་བ་ཞིག་བྱ་རྒྱུའི་ལུང་བསྟན་རེད་གསུངས། དེ་ལྟར་ཕ་མེས་ནས་རྙིང་མ་པ་ཡིན་པའི་དགེ་ཆོས་ལགས་དགེ་ལུགས་པར་འགྱུར་བ་རེད། དགེ་ཆོས་ལགས་ཀྱིས་ཇོ་ལགས་ལ་གསུངས་དོན། ཁོ་རང་གྲྭ་པ་ཡིན་དུས་སྐྱབས་རྗེ་ཕ་བོང་ཁས་ཁོང་ལ་ཧ་ཅང་མཉེས་པོ་གནང་ཞིང༌། སྐབས་རེ་དགེ་ཆོས་ལགས་ཕ་བོང་ཁའི་གདན་སར་མཇལ་ཁར་བཅར་སྐབས། སྐྱབས་རྗེ་ཕ་བོང་ཁས་ཐུགས་བརྩེ་བ་ཆེན་པོས་ཁོང་ལ་འཐམ་གནང་མཛད་ཅིང་ཕྱག་དབང་གནང་བ་དང༌། མཚམས་མཚམས་སྐྱབས་རྗེ་ཕ་བོང་ཁས་དགེ་ཆོས་ལགས་ཀྱི་སྒལ་པར་འདྲུད་བཞིན། དཔེ་ཆ་བ་ཚོ་དཔེ་ཆར་མགོ་འཁོར་དྲགས་ནས་རང་གི་འཕྲོད་བསྟེན་དང་བདེ་སྡུག་གཏིང་ནས་བརྗེད་དུ་སོང་སྟེ། ཕལ་ཆེར་ཤིག་རྒྱབས་ཡོད་ཀྱི་རེད་གསུངས་པ་རེད་ཅེས་ཟེར། སྐྱབས་རྗེ་ཕ་བོང་ཁས་དགེ་ཆོས་ལགས་ལ་ཕྱག་དངུལ་དང་བཟའ་བཅའི་མཁོ་ཆས་ཀྱི་གྲོགས་ཕན་ཡང་ཡང་གནང་བྱུང་ཟེར། དགེ་ཆོས་ལགས་ཀྱིས་ད་དུང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་ཁོང་ལ་ཧ་ཅང་ཡག་པོ་གནང་བ་མ་ཟད་རོགས་ཕན་གང་མང་གནང་བྱུང་གསུངས། ཇོ་ལགས་ཀྱིས་ཡང་སེ་ད་ལྟའི་དུས་དང་བསྐལ་བ་འདི་ལ་སྔོན་བྱོན་ལོ་ཙཱ་བ་བླ་ན་མ་མཆིས་པ་རྣམས་དང་མཉམ་པའི་ལོ་ཙཱ་བ་གཅིག་རང་ཡོད་པ་ནི། དགེ་འདུན་ཆོས་འཕེལ་ལགས་ཁོ་ན་རེད་གསུངས། དགེ་ཆོས་ལགས་རྒྱ་གར་གནས་གཟིགས་ནས་ཕྱིར་ཕེབས་མཚམས་སངས་རྒྱས་བསྟན་པའི་རྗེས་འཇུག་ལེགས་འདོམས་ཀྱི་ལེགས་བཤད་དྷརྨ་བྷཌ་རྒྱ་གར་པཱ་ལི་སྐད་རང་ནས་བོད་སྐད་ནང་ཡིག་བསྒྱུར་མཛད། དེ་ང་ཚོའི་གཟིམ་ཤག་གིས་པར་བསྐྲུན་སྦྱིན་བདག་བྱ་རྒྱུ་བྱས་པ་རེད༌། ང་ཚོས་ལེགས་བཤད་དེ་སྔར་སྲོལ་ལྟར་ཤིང་གི་པར་གཞི་མང་པོར་བསྐོས་པ་དང༌། ངོ་བཤུས་བླ་མ་དང༌། མཁས་པ། ཚོགས་སྡེ་མང་པོར་འགྲེམས་སྤེལ་བྱས། དགེ་ཆོས་ལགས་ཀྱི་སྒྱུར་ཆོས་དེ་སྙན་ངག་གི་ཉམས་ཧ་ཅང་ལྡན་ལ། སེམས་ལ་གཡོ་འགུལ་ཐེབས་ནུས་པ་ཞིག་འདུག་སྟེ། བསྒྱུར་གཞི་པཱ་ལི་ཡི་ལེགས་བཤད་ཕྱི་མོ་དེ་ལས་ལྷག་པ་མེད་ནའང༌། ཏན་ཏན་མཉམ་པ་ཞིག་མེད་དམ་སྙམ། ངས་ལེགས་བཤད་དེ་ཚར་མང་པོ་བཀླགས་མྱོང་བས་ཚིགས་བཅད་གཅིག་ད་དུང་ཡང་གསལ་པོར་དྲན་པ་ནི།

གཉིད་མེད་པ་ལ་མཚན་མོ་རིང༌།།

ངལ་བར་གྱུར་ལ་བཞུད་ཐག་རིང༌།།

དམ་པའི་ཆོས་ཉིད་མི་ཤེས་པའི།།

བྱིས་པ་རྣམས་ལ་འཁོར་བ་རིང༌།།

ང་ཚོའི་གཟིམ་ཤག་གིས་ད་དུང་བདུད་འཇོམས་རིན་པོ་ཆེའི་དག་ཡིག་དཔེ་ཆ་དང༌། རྒྱལ་མཆོག་ལྔ་པ་ཆེན་པོ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྔར་མ་གྲགས་པ་ཞིག་བཅས་པར་གཞི་སྦྱིན་བདག་བྱས་པ་རེད། མཁྱེན་པ་ཅན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དེ་སྔོན་ང་ཚོས་བཏོན་པའི་རྒྱལ་དབང་ལྔ་པའི་པར་གཞི་ལས་ཉེ་ཆར་བོད་ནས་དེབ་གཅིག་བཏོན་འདུག་ཟེར། འོན་ཏང་ང་ཚོའི་དྷརྨ་བྷཌ་ཡི་པར་གཞི་དེ་ཕལ་ཆེར་རྩ་བརླགས་ཏུ་སོང་བ་འདྲ། ཡིན་ནའང༌། ལེགས་བཤད་དེ་རང་ལྕགས་པར་ཐོག་མཐར་ཕྱིན་བ་བུ་ (Babu) ལགས་ཀྱིས་ཀ་ལི་སྤུངས་སུ་པར་བསྐྲུན་ཞུས་འདུག་པ་དང༌། ཡང་གཞན་ཞིག་ཐེག་ཆེན་ཆོས་ཚོགས་ (Mahbodhi Society)ནས་པར་བསྐྲུན་ཞུས་འདུག།

ང་ཚོས་པར་གཞི་དེ་ཚོ་ང་ཚོའི་གཟིམ་ཤག་གི་བཀའ་འགྱུར་ལྷ་ཁང་ནང་ཉར་ཚགས་བྱས་ཡོད་པ་རེད། བཀའ་འགྱུར་ལྷ་ཁང་དེ་ཀ་བཅད་བཞི་ཙམ་ཡོད་པའི་ཁང་མིག རྒྱ་ཁྱོན་ལ་ཕལ་ཆེར་ཧཕི་ཊིགྲུ་བཞི་མ་ ༡༦༠༠ ཙམ་ཡོད། པར་གཞི་དེ་ཚོ་ང་ཚོས་མཚམས་མཚམས་དོན་གཉེར་ཅན་ལ་གཡར་པོ་གཏོང་བ་རེད། ཐེངས་གཅིག་ང་རང་ལྷ་སར་ཕྱིར་འཁོར་མཚམས། དྷརྨ་བྷཌ་ཡི་སྒྱུར་དང་བཅས་པའི་པར་གཞི་ཚང་མ་མཐོང་སར་མི་འདུག ང་རང་ཕྱིར་སོང་ཤུལ་ཁྱིམ་མཁོས་ཨ་ཞང་མཁན་ཆུང་ལགས་ཀྱིས་གཟིགས་རྟོགས་གནང་བས་ཁོང་ལ་བཀའ་འདྲི་ཞུས་པར། ཁོང་གིས་པར་གཞི་དེ་དག་པར་པ་ཆེ་གེ་མོ་ལ་གཡར་པོ་བཏང་ཡང༌། པར་པ་དེའི་མིང་གཏིང་བརྗེད་དུ་སོང་འདུག་ཟེར། དེ་ལྟར་ཚང་མ་བརླགས་སོང་བ་རེད། ཉིན་ཞིག་ལྷ་སར་གཟིམ་ཤག་ཏུ་ང་རང་གཅིག་པུ་ཡིན། ཇོ་ལགས་གཞུང་དོན་ཆེད་ཕྱིར་ཕེབས་པ་རེད། དེ་དུས་ངས་དགེ་འདུན་ཆོས་འཕེལ་ལགས་སྡེ་པ་གཞུང་གིས་འཛིན་བཟུང་བྱས་པ་དང༌། སྣང་རྩེ་ཤར་དུ་བཙོན་འཇུག་བྱས་ཡོད་སོགས་ཐོས་བྱུང༌། སྣང་རྩེ་ཤར་ནི་གཙུག་ལག་ཁང་གི་ནུབ་ངོས་ཀྱི་ཉེ་འགྲམ་དུ་ཡོད། ངས་བྲེལ་འཚུབ་ངང་འཁོར་གཡོག་བློས་འགེལ་རུང་བ་གཉིས་དགེ་ཆོས་ལགས་ཀྱི་གནས་སྟངས་ཇི་ཡོད་རྩད་གཅོད་དང༌། ཁོང་ལ་མལ་ཆས་དང་ཞལ་ལག་བཅས་སྐྱེལ་བར་མངགས་པ་ཡིན། འཁོར་གཡོག་གཉིས་པོ་ཕྱིར་འཁོར་དུས་བརྗོད་གསལ། ད་ལྟ་དགེ་ཆོས་ལགས་ཀྱི་གནས་སྟངས་ཅུང་སྡུག་པོ་རང་མིན་པ་དང༌། བཙོན་སྲུང་བས་དགེ་ཆོས་ལགས་བཙོན་ཁང་གི་ཡང་ཐོག་གི་ཁང་མིག་བཀོད་པ་ཅུང་བཟང་བ་དང་སྒེའུ་ཁུང་ཅན་ཞིག་གི་ནང་བཞག་འདུག་ཟེར། སྣང་རྩེ་ཤར་ནི་ཐོག་རྩེག་གསུམ་ཅན་གྱི་བཙོན་ཁང་ཞིག་ཡིན་པ་དང༌། བཙོན་པ་ཕལ་མོ་ཆེ་འོག་ཤོད་དུ་བཙོན་འཇུག་བྱེད་པ་རེད། བཙོན་ཁང་དེ་དགོན་རྙིང་ཞིག་གམ་བླ་བྲང་ཞིག་འདྲ་པོ་ཡོད། གཅིག་བྱས་ན་སྔ་མོ་དེ་འདྲ་ཡིན་རྒྱུ་རེད། ངས་རྒྱ་གར་ནས་ཉོས་པའི་སྲིང་བལ་གྱི་ཕུ་ཁེབས་གསར་པ་ཞིག་ལ་ཤུབས་གསར་པ་ཞིག་གཡོགས་ནས་དགེ་ཆོས་ལགས་ལ་ཕུལ་བ་དང༌། ད་དུང་ཚ་དམ་གསོལ་ཇ་སྲུབ་མ་གང་དང༌། ཞལ་དཀར་ཁ་ཅོད་ཟུང་སྒྲིག་གཅིག་བཅས་བསྐུར་བ་ཡིན། ངས་ཉིན་ལྟར་གཟིམ་ཤག་གི་མ་བྱན་ཚོ་དགེ་ཆོས་ལགས་ཀྱི་ཆེད་དུ་ཞལ་ལག་སྤྲོ་པོ་དེ་འདྲ་དང༌། མོག་མོག་སོགས་བཟོས་བཅུག་པ་ཡིན། དེ་དག་ཚང་མ་ངས་གཡོག་པོ་ཡིད་ཆེས་བློས་འགེལ་རུང་བ་འགའ་བརྒྱུད་ནས་བསྐུར་བ་ཡིན། ངས་དྲན་པ་ལ། དེ་དག་ནས་གཅིག་ནི་ང་ཚོའི་སྨད་སྨད་བསོད་ནམས་ལགས་ཀྱི་སྐུ་ཟླ་དོན་གྲུབ་ལགས་དང༌། གཞན་གཅིག་ནི་ང་ཚོའི་མ་མ་རྒན་མོ་པད་མ་ཚེ་དབང་ལགས་ཀྱི་སྐུ་ཟླ་ཚེ་རིང་ལགས་རེད། ཕྱིར་དགེ་ཆོས་ལགས་ཀྱིས་ཕྲན་ལ་ཐ་མག་གི་ཤུབས་ཀྱི་ནང་ངོས་སུ་བཀོད་པའི་ཟིན་བྲིས་འགའ་བསྐུར་གནང་མཛད་འདུག། ཟིན་བྲིས་གཅིག་གི་ནང༌། ཐེངས་གཅིག་ཁོང་གིས་ཡང་ཐོག་ནས་ཐ་མག་གི་ཟད་རོ་ཞིག་འོག་གི་བཙོན་ཁང་གི་སྒོ་རྭའི་ནང་གཡུགས་པ་དེར། གཤམ་འོག་གི་བཙོན་པ་ཚོས་ཕན་ཚུན་ཕར་འབུད་ཚུར་འཐེན་གྱིས་འཚང་ཁ་བྱེད་པ་མཐོང་བས། ཉམ་ཐག་པའི་བཙོན་པ་དེ་དག་ལ་ཁོང་སྙིང་རྗེ་ལྷད་མེད་འཁྲུངས་ཚུལ་བཀོད་འདུག། དེ་རྗེས་ཉིན་བཞི་ལྔ་ཙམ་རྗེས་ལ་ཡིན་པ་ཡོད། དྲན་པར་གསལ་པོ་ངེས་ཀྱིན་མི་འདུག ཤོག་ཙག་གཅིག་གི་ཐོག་ཁོང་གིས་དབྱིན་ཡིག་ནང་ཟིན་བྲིས་གནང་བ་ཞིག་འབྱོར་བྱུང༌། དེའི་ཐོག་དབྱིན་ཡིག་ཚིག་འབྲུ་བཞི་རང་འདུག་པ། “Need not to send”ཕལ་ཆེར་བཀྲས་ཐོང་ཚང་ཁོང་དང་ཉེ་བ་རྒྱུ་མཚན་དུ་བྱས་ནས་བོད་གཞུང་གི་དྭོགས་གཞིའི་འོག་ཚུད་ཡོང་སྙམ་པའི་ཐུགས་ཁྲལ་བྱུང་ཡོད་པ་འདྲ། དེ་ནས་ངས་ཁོང་ལ་ཞལ་ལག་འབུལ་སྐྱེལ་བྱ་མཚམས་བཞག་པ་ཡིན་ཡང༌། ཁོང་གིས་ང་ལ་བསྐུར་བའི་ཟིན་བྲིས་རྣམས་གསང་བར་ཉར་ཚགས་བྱས་པ་ཡིན། སྐབས་དེ་དུས་ང་ཚོའི་གཟིམ་ཤག་གི་དོན་གྱི་བདག་པོ་ཇོ་ལགས་བསོད་ནམས་སྟོབས་འབྱོར་ལགས་ནུབ་ཕྱོགས་སྣགས་ཚང་ལ་ས་གནས་དཔོན་པོའི་འགན་བཞེས་ནས་ཡོད་པ་དང༌། གཟིམ་ཤག་གི་འགན་འཛིན་ང་རང་གིས་མ་བྱས་ཐབས་མེད་རེད། དགེ་འདུན་ཆོས་འཕེལ་ལགས་རྒྱ་ནག་གོ་མིན་ཏང་གི་སོ་པར་བསྙོན་བཙུགས་བྱས་པ་ཐོས་པ་དང༌། ཇོ་ལགས་བསོད་ནམས་སྟོབས་འབྱོར་ལགས་དགེ་ཆོས་ལགས་དང་མཛའ་བཤེས་ཟབ་པས་ཁོང་ལའང་སྙོན་འཛུགས་བྱས་ཨེ་ཡོང་སྙམ་ནས་སེམས་ཁྲལ་ཆེན་པོ་བྱུང༌།

འཕྲལ་མ་ཉིད་དུ་ངས་གཟིམ་ཤག་གི་གཉེར་པ་ཉི་མ་ལགས་ནུབ་ཕྱོགས་སུ་སྣགས་ཚང་ལ་བཏང་བ་ཡིན། ཞབས་ཕྱི་བ་རྒན་པོ་ཉི་མ་ལགས་ནི་ང་རང་གི་གཡོག་མོ་ཟླ་བ་བུ་འཁྲིད་ཀྱི་ཕ་ཡིན་པ་དང༌། ང་ཚོའི་གཟིམ་ཤག་ལ་བློ་དཀར་ཞུམ་མེད་རེད། ང་ཚོའི་ཡབ་ཡུམ་གཉིས་ཀ་ཚེ་ལས་འདས་རྗེས་ཁོང་གིས་ང་རང་དང༌། ངའི་གཅེན་གཅུང་ཚོ་ལ་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལྟར་བྱམས་སྐྱོང་གནང་བ་རེད། ཉི་མ་ལགས་ཆིབས་རྟ་བཞོན་ཏེ་དངངས་འཚབས་ཆེན་པོས་སྣགས་ཚང་དུ་ཇོ་ལགས་ཁོང་ཕྱིར་ལྷ་སར་མ་ཕེབས་རྒྱུའི་མངགས་བྱ་བྱ་བར་སོང་བ་རེད། ཇོ་ལགས་མཆོག་དེ་དུས་ངོ་མ་སྣགས་ཚང་ནས་ཐོན་ཏེ་ལྷ་སར་ཕེབས་པའི་ལམ་བར། སྣགས་ཚང་དང་ལྷ་ས་བར་གྱི་ལམ་ཕྱེད་ཙམ་གྱི་ཡངས་པ་ཅན་གནས་ཚང་དུ་འབྱོར་ཚར་འདུག་ཟེར། སྟབས་ལེགས་པ་ཞིག་ལ་ང་ཚོའི་གཉེར་པ་ལགས་དང་ཇོ་ལགས་ཁོང་གཉིས་དེར་ངོ་འཕྲད་བྱུང་བ་དང༌། དེར་ཇོ་ལགས་གིས་མུ་མཐུད་ལྷ་སར་འགྲུལ་བཞུད་མ་བྱ་བའི་ཐག་གཅོད་བྱས་འདུག དུས་སྐབས་དེ་འདྲའི་སྐབས་ཀྱི་ཉིན་ཞིག་ང་རང་བློན་ཆེན་ཀ་ཤོད་པ་མཆོག་གི་དྲུང་དུ་དོན་གནད་གཞན་ཞིག་གི་ཆེད་བཅར་དགོས་བྱུང༌། ཚོམས་ཆེན་ནང་སྲིད་བློན་མཆོག་ཕེབས་སྒུག་ཞུས་ནས་སྡོད་སྐབས། སྲིད་བློན་གྱི་ལྷ་ལྕམ་ཕེབས་ནས་ང་ལ་ཇོ་ལགས་གར་ཡོད་བཀའ་འདྲི་གནང་བྱུང༌། དེ་མ་ཐག་ང་རང་དྭོགས་པ་ཟ་བ་དང་ཁོང་གིས་ངས་གཉེར་པ་ལགས་ཇོ་ལགས་ཀྱི་སར་ཉེན་བརྡ་གཏོང་བར་བཏང་བ་ཤེས་འདུག་སྙམ་བྱུང༌། ཡུན་ཙམ་རྗེས་སྲིད་བློན་སྐུ་ཉིད་ཕེབས་པ་དང༌། ང་ལ་གུས་ཞབས་དང་བཅོས་མའི་དོ་ཁུར་བཅས་བཀའ་མོལ་གནང་བྱུང༌། ཁོང་གིས་ཀྱང་ཇོ་ལགས་གར་ཡོད་བཀའ་འདྲི་གནང་བྱུང་བར། ལྷ་ལྕམ་ལ་ལྗགས་ལན་ཕུལ་བ་བཞིན་ཇོ་ལགས་སྣགས་ཚང་ལ་ཡོད་ལུགས་ཞུས་པ་ཡིན། དེ་ནས་སྲིད་བློན་མཆོག་གིས་༼སྲས་སྐུ་ཞབས་ཀྱིས་གྲོགས་བསྟེན་ཕྱོགས་ཐད་གཟབ་གཟབ་གནང་ན་ཡག་པོ་ཡོད། དེ་མིན་སྔ་མོའི་གཏམ་དཔེ། ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་ཡོང་སྦོགས། ཞེས་པའི་བཟོ་འདྲ་བྱས་ཡོང་༽ཟེར། ཁོ་ཚོས་ངའི་ཇོ་ལགས་ལ་དྭོགས་པ་བྱེད་ཀྱིན་ཡོད་པ་ང་ལ་ངེས་པ་གསལ་པོ་རྙེད་བྱུང་གང་ཡང་མ་ཞུས། དེ་སྔོན་ངའི་ཇོ་ལགས་ལ་ཁོང་གི་གྲོགས་པོ་ཁམས་པ་ཤེས་པ་ཅན། རགས་པ་སྤོམ་མདའ་ཚང་གིས་རྒྱ་ནག་གོ་མིང་སྲིད་གཞུང་གིས་རྒྱབ་གཉེར་བྱས་པའི་གསང་བའི་གསར་བརྗེའི་ཚོགས་པ་བོད་ལྗོངས་ཡར་རྒྱས་ཚོགས་པའི་ནང་འཛུལ་ཞུགས་བྱ་དགོས་པའི་སྐུལ་མ་བྱས་པ་རེད་དེ། ཇོ་ལགས་ཁོང་རྒྱ་ནག་གོ་མིང་སྲིད་གཞུང་ལ་ཡིད་ཆེས་མེད་པར་བརྟེན་དེའི་ཚོགས་མིར་མ་ཞུགས་པ་རེད། དེས་མ་ཟད་རྒྱ་ནག་གོ་མིང་སྲིད་གཞུང་གི་ལས་བྱེད་མཐོ་རིམ་ཞིག་གིས་ལྷ་སར་རྒྱ་མིའི་སློབ་གྲྭ་ཞིག་གསར་རྒྱག་བྱ་རྒྱུའི་རེ་སྐུལ་ཞུས་པ་དང༌། སློབ་གྲྭ་དེའི་འགྲོ་གྲོན་ཚང་མ་རྒྱ་གཞུང་ནས་གནང་རྒྱུ་ཡིན་པ་སོགས་གསུངས་ཀྱང༌། ཁོང་གིས་ཐབས་མཁས་པོས་ཁས་ལེན་བྱས་མེད་པ་རེད། རྒྱ་མིའི་ལས་བྱེད་མཐོ་རིམ་དེ་དེ་སྔོན་ལྷ་སར་གྲྭ་པའི་ཆ་ལུགས་བྱས་བསླེབས་པ་དང་འབྲས་སྤུངས་སུ་ཆོས་ཞུགས་བྱས་པ་རེད། ང་ཚོའི་གཟིམ་ཤག་གི་འོག་ཤོད་ཀྱི་ཁང་མིག་འགའ་ཁོ་པར་ཁང་གླ་བཏང་བ་རེད། ང་ཚོས་ཁོ་པའི་ཆོས་མིང་ལ་བེ་སྲུང་ཟེར་བ་ཤེས་པ་ལས་དེ་མིན་ཆ་རྒྱུས་མེད། ལོ་ཁ་ཤས་ཀྱི་སློབ་གཉེར་རྗེས་ཁོ་པ་བོད་ལྷོ་ཕྱོགས་ཙ་རིར་གནས་མཇལ་དུ་སོང༌། གོ་ཐོས་ལ་ཁོ་པ་ཕྱིར་རྒྱ་ནག་ཏུ་ལོག་མཚམས་ཁོས་དཔྱད་ཞིབ་བྱས་པའི་བོད་ཀྱི་ས་བབས་སྐོར་གྱི་དེབ་ཅིག་བཏོན་པ་ལ་རྒྱ་ནག་གི་སྲིད་འཛིན་ཇང་ཅད་ཧྲི་ཡིས་གཟེངས་བསྟོད་གནང་བ་མ་ཚད། ཁོ་པར་གཞུང་སའི་གོ་གནས་ཀྱང་གནང་བ་རེད་ཟེར། རིམ་པས་དགེ་འདུན་ཆོས་འཕེལ་ལགས་ལ་བཙུགས་པའི་གྱོད་དོན་རྣམས་ཁྱབ་བསྒྲགས་བྱས་སོང༌། དེ་ཚོ་ཚང་མ་སྲིད་དོན་དང་འབྲེལ་བ་ཙམ་མ་ཡིན་པར། ཁོང་སྐུ་སྒེར་གྱི་བྱ་སྤྱོད་ལའང་སྐྱོན་འཛུགས་བྱས་པའི་རྫུན་གཏམ་ཤ་སྟག་རེད། དགེ་ཆོས་ལགས་ལ་བསྙོན་བཙུགས་བྱས་པའི་གྱོད་དོན་གཅིག་ལའང་ངས་བདེན་པ་ཡིན་པའི་ཡིད་ཆེས་མ་བྱུང་ལ་ད་ལྟའང་ཡིད་ཆེས་མེད། ཇོ་ལགས་ཀྱིས་དགེ་ཆོས་ལགས་ནི་བོད་ཀྱི་རྒྱལ་རབས་ནང་གསལ་བའི་ཐུབ་པའི་བསྟན་པ་ཐོག་མར་བོད་དུ་གདན་འདྲེན་མཁན་གྱི་ལོ་ཙཱ་བ་དང་མཁས་གྲུ་ཚོ་དང་ཆ་མཉམ་པར་ངོས་འཛིན་བྱེད་པ་དང༌། ང་རང་གིས་ཀྱང་ཁོང་དེ་འདྲ་རང་ཡིན་པར་ཡིད་ཆེས་ཡོད། ང་ཚོས་ཇོ་ལགས་ལ་དགེ་འདུན་ཆོས་འཕེལ་ལགས་ལ་བྱུང་བ་ལྟ་བུའི་གྱོད་དོན་སྙོན་འཛུགས་བྱ་གཞི་མེད་པ་གསལ་པོར་ཤེས་རྗེས་གཞི་ནས་ཁོང་ལྷ་སར་ཕྱིར་ཕེབས་པ་རེད། ངས་ཁོང་ལ་དགེ་ཆོས་ལགས་ཀྱིས་བདག་ལ་བསྐུར་བའི་ཟིན་བྲིས་ཆུང་ཙག་དེ་དག་བསྟན་པས་ཁོང་འཚབ་འཚུབ་ཆགས་ནས། ང་ལ་དེ་དག་མེར་བསྲེགས་བཏང་དགོས་ཞེས་མངགས་བྱུང༌། ངས་ཇོ་ལགས་ཀྱི་ཐུགས་བཞེས་ལ་བསམ་གཞིག་བྱ་ཐུབ་ཀྱང་ངས་ཁོང་གིས་གསུངས་པ་ལྟར་བྱས་པ་ལ་ད་ལྟ་འགྱོད་པ་སྐྱེ་གིན་འདུག

དེ་ནས་ལོ་ཤས་ཀྱི་རྗེས་ང་རང་ལྷ་ས་ནས་ཐོན་ཏེ་གཞི་ཀ་རྩེར་ཡོད་པའི་ང་ཚོའི་གཞི་ཀར་སོང་བ་དང༌། དེ་ནས་ཡང་རྒྱ་གར་དུ་ངའི་གཅུང་པོ་དང་གཅུང་མོ་གཉིས་དབྱིན་ཇིའི་སློབ་གྲྭར་སློབ་འཇུག་བྱ་བར་ཕྱིན་པ་ཡིན། ང་རང་རྒྱ་གར་ནས་ཕྱིར་འཁོར་མཚམས་དགེ་ཆོས་ལགས་བཙོན་བཀྲོལ་བཏང་ཚར་འདུག ཉིན་ཞིག་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་ལ། དགེ་ཆོས་ལགས་གང་ནས་ཕེབས་པ་ཡིན་ནམ་མ་ཤེས། ང་ཚོའི་གཟིམ་ཤག་གི་རྒྱལ་སྒོའི་འགྲམ་ལ་བསླེབས་བྱུང༌། ཁོང་གིས་ཕྱུ་པ་འཛར་འཛོར་ངང་ལྷུག་པོར་བཞེས་འདུག་ལ་སྐུ་རའང་ཅུང་ཙམ་བཟི་ཡོད་ཚོད་འདུག དགེ་ཆོས་ལགས་མཇལ་བ་དང་ཇོ་ལགས་ཀྱིས་མྱུར་མོར་གཟིམ་ཤག་གི་ཐེམ་སྐས་ནས་བབས་ཏེ་ཁོང་ལ་བསུ་བ་བྱ་བར་སོང༌། དགེ་ཆོས་ལགས་དང་ཞལ་ངོ་འཕྲད་པ་དང་ཁོང་ཇོ་ལགས་ཀྱི་དཔང་དུ་རིལ་པ་ལྟ་བུར་བསྙེས་པ་དང༌། ལུས་འགོག་པོས་ཇོ་ལགས་ལ་འཐམ་གནང་སོང༌། དེ་ནས་ཇོ་ལགས་ཀྱིས་དགེ་ཆོས་ལགས་ང་ཚོའི་གཟིམ་ཤག་གི་གཟིམ་སྦུག་ཏུ་གདན་དྲངས་སོང༌། དེའི་རྗེས་ཡང་ངའི་ཇོ་ལགས་ཀྱིས་ཁོང་གི་ལམ་སྟོན་པའམ་མཛའ་གྲོགས་དང་མཉམ་དུ་རིག་གནས་ཀྱི་གནད་ལ་གོ་བསྡུར་ངང་འདའ་བའི་མཚན་མོ་དག་རྒྱུན་བསྐྱངས་པ་རེད། དུས་དེ་ཡི་མཚམས་ཇོ་ལགས་སྣགས་ཚང་གི་ས་གནས་དཔོན་པོ་ནས་ལས་སྐྱུར་ཞུས་ཟིན་པས་ལྷ་སར་གཞུང་འབྲེལ་ལས་ཀ་ཡང་པོ་རེད། ཉིན་ལྟར་གཞུང་ལས་ཁང་དུ་ཆུ་ཚོད་འགའ་ཤས་ཤིག་བཞུགས་དགོས་པ་ལས། དེ་མིན་གྱི་དུས་ཚོད་ཚང་མ་ཁོ་རང་གང་གནང་རེད། དེར་བརྟེན་ཁོང་གིས་རྟག་ཏུ་དགེ་ཆོས་ལགས་ཀྱི་བཞུགས་ཡུལ་བར་སྐོར་ནུབ་མཐའ་ན་ཡོད་པའི་སྒོ་མང་ཁང་གསར་དུ་འགྲོ་བ་རེད། སྒོ་མང་ཁང་གསར་དེ་ཕལ་ཆེར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིན་ཚོད་འདུག དེ་ལྟར་ཁོང་རྣམ་གཉིས་གཅིག་པུའམ། སྐབས་རེ་གྲོགས་གཞན་འགའ་ཡི་མཉམ་བཞུགས་ཐོག་དངུལ་སྲང་ལྔ་རེ་བའི་མཆོད་ཆང་དམ་བེ་གང་དང༌། ཞོར་ཟས་ཀྱི་ཆེད་དུ་ཨ་རིའི་དམག་གི་རྒྱས་བཅད་བཟའ་ཆས་སྒམ་ཆུང་འགའ་བཅས་མངགས་པ་དང༌། ལྷོད་པོར་སྟན་ལ་བཞུགས་ནས་བཀའ་མོལ་ལྷུག་པོར་གསུང་བཞིན་དུས་འདའ་བ་རེད། ཁོང་གཉིས་ཀྱིས་དེ་ལྟར་ལོ་གཅིག་གམ་ལོ་གཅིག་ལས་མང་ཙམ་བཞུགས་སོང༌།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཚོང་ཐབས་ལ་མཁས་པའི་བོད་མི་ཚོང་པ་མང་པོས་དམག་གི་བཟའ་ཆས་འཕར་མ་རྣམས་བོད་ནང་གང་སར་འཚོང་གིན་འདུག། ཧ་ཅང་དར་སོ་ཆེ་བ་གཅིག་ནི་ཨ་རིའི་དམག་གི་རྒྱས་བཅད་བཟའ་ཆས་སྦག་ཆ་དེ་རེད། དེ་དུས་བོད་མི་ཚོས་དེ་ཞོར་ཟས་ཧ་ཅང་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། སྦག་ཆ་གཅིག་གི་ནང་ཤ་ཀྲིང་ཆུང་ཙམ་ཞིག་ཡོད་པ་དེའི་ནང་ཕྱེ་མར་བཏགས་པའི་གླང་ཤའམ་ཕག་ཤ་དང༌། ལ་ཕུག་དམར་པོའམ། སྲན་མའམ། སྔོ་ཚོད་གཞན་མཉམ་དུ་བསྲེས་པ་ཞིག་ཡོད། དེ་དང་མཉམ་དུ་མངར་ཆ་མེད་པའི་སྐམ་སོབ་བམ་བག་ལེབ་མཐུག་པོ་གསུམ་དང༌། སྟབས་བདེའི་ཀོ་ཕིའ་སྐམ་པོ་ཤོག་ཆག་ཆུང་ཆུང་གཅིག། ཤེལ་ཀ་ར་གྲུ་བཞི་ཁ་གང་མ་བཞི། ཐ་མག་སྒམ་ཆུང་གཅིག་དང་ཙག་སྒྲ་སྒམ་ཆུང་གཅིག་བཅས་ཡོད། མངར་ཆ་ལ་མཚོན་ན། ཅོ་ཀོ་ལད་ཀྲི་ལེབ་གཟུགས་མཐུག་པོ་གཅིག་དང་འགྱིག་བྱེ་རིལ་དབྱུག་གཟུགས་ནར་མོ་མངར་ཆ་ཅན་འགའ་ཤས་ཤིག ད་དུང་འཕྲོད་བསྟེན་ལག་འཕྱིས་ཤོག་བུ་འགའ་ཤས་བཅས། དེ་དག་ཚང་མ་ནང་ངོས་སུ་ཡང་ལཱ་བྱུགས་པའི་ཤོག་སྒམ་ཆུང་ཆུང་ཞིག་གི་ནང་མཉམ་དུ་ཡོད།

དགེ་འདུན་ཆོས་འཕེལ་ལགས་ཀྱིས་ངའི་ཇོ་ལགས་ལ་ཁོ་རང་རྒྱ་གར་དང་བལ་ཡུལ་དུ། གནས་ཆེན་ཁག་ལ་གནས་སྐོར་དུ་ཕེབས་པའི་སྐོར་སྒྲུང་མང་པོ་གསུངས་འདུག དགེ་ཆོས་ལགས་ཀྱིས་ཇོ་ལགས་ལ། ཁོང་གིས་སྒར་ཤ་འཕགས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་མ་མཇལ་གོང་གི་མཚན་མོ་དེར། སྐུ་བརྙན་དེ་རང་རྨི་ལམ་ནང་རྨིས་པ་དང༌། སྐུ་བརྙན་དེ་དངོས་སུ་མཇལ་སྐབས་ཁོང་གིས་བྲག་ཅ་ཆེན་པོ་ཞིག་ཐོས་པའི་ཚོར་བ་བརྙེས་བྱུང་གསུངས་འདུག དེའི་སྐོར་དགེ་ཆོས་ལགས་ཀྱིས་ཕལ་ཆེར་ཁོང་གི་ཕྱག་དཔེ་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཞེས་པའི་ནང་བཀོད་ཡོད་ངེས་རེད། དགེ་ཆོས་ལགས་ཀྱིས་ད་དུང། ག་དུས་ཁོང་གིས་བླ་མ་ཞིག་མཇལ་རྒྱུ་ཡིན་ན། དེའི་ནུབ་མོ་དེར་ཁོང་ལ་སྤྱན་རས་གཟིགས་ཀྱི་རྨི་ལམ་རྨིས་བདེན་པ་རེད་ཅེས་གསུངས་འདུག དགེ་ཆོས་ལགས་ཀྱིས་ངའི་ཇོ་ལགས་ལ་བླ་མ་དང་སྤྲུལ་སྐུ་ཚོ་ལ་སྐུར་བ་གདབ་མི་ཉན་པའི་ཁ་ཏ་ཡང་གནང་འདུག ངས་དེ་སྐོར་འདིར་བཤད་དོན་ནི། དེང་སྐབས་གོ་མ་ཚོད་པའི་མི་མང་པོ་ཞིག་གིས། ཐེ་ཚོམ་གཏན་ནས་མེད་པར་དགེ་ཆོས་ལགས་ཆོས་མེད་སྨྲ་བའམ། ནང་ཆོས་ལ་དད་པ་མེད་པ་རེད་ཟེར་གྱི་འདུག་པས་ཡིན། དེ་དུས་ངའི་སྤུན་གྱི་ཐ་ཆུང་གཉིས་པ་རཀ་ར་རིན་པོ་ཆེའང་དགེ་འདུན་ཆོས་འཕེལ་ལགས་དང་ཉེ་པོ་ཆག་ཟིན་པ་དང༌། སྐབས་རེ་ཁོང་གི་དྲུང་ནས་དཔེ་འཁྲིད་ཀྱང་ཞུས་པ་རེད། ཉིན་ཞིག་རཀ་ར་རིན་པོ་ཆེ་ཕྱིར་ཁྱིམ་དུ་འཁོར་ནས་ང་ལ་དགེ་ཆོས་ལགས་ཀྱི་རེ་འབུལ་ཞིག་ལྗགས་ལན་གནང་བྱུང་སྟེ། ངས་དགེ་ཆོས་ལགས་ཀྱི་ཆེད་དུ་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་བྲི་རོགས་གསུངས་འདུག ཕལ་ཆེར་རཀ་ར་རིན་པོ་ཆེས་དགེ་ཆོས་ལགས་ལ། ངས་ལས་ཞོར་དུས་ཚོད་སྟོང་པར་རི་མོ་འབྲི་བཞིན་འདུག་གསུངས་པ་དང༌། དགེ་ཆོས་ལགས་ཀྱིས་ངས་ཐང་ཀའང་འབྲི་ཐུབ་ཀྱི་ཡོད་པར་དགོངས་པ་འདྲ། ངས་དགེ་ཆོས་ལགས་ལ་རྗེ་བཙུན་སྒྲོལ་མའི་སྐུ་འབྲི་ཤེས་ཀྱི་མེད་ཞུས་པ་ཡིན། གང་ཡིན་ཟེར་ན། ངས་རྗེ་བཙུན་སྒྲོལ་མའིསྐུ་ཡི་ཐིག་ཚད་དང་བྱད་དབྱིབས་སོགས་ནོར་སྲིད་པ་རེད། དེ་ནི་ཚང་མས་ཤེས་གསལ་ལྟར་ཁ་ན་མ་ཐོས་བའི་སྡིག་པ་བསོག་པ་རེད། ཡིན་ནའང་དགེ་ཆོས་ལགས་ཀྱིས་གསན་འཇོག་མ་གནང་བར་ཨུ་ཚུགས་མཐའ་སྐྱེལ་གྱིས་ངས་ཁོང་གི་ཆེད་དུ་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་འབྲི་དགོས་གསུངས། ཁོང་ལ་རྗེ་བཙུན་སྒྲོལ་མའི་སྐུ། བུད་མེད་རང་གིས་བྲིས་པ་ཞིག་དགོས་ཏེ། ཁོང་གི་དགོངས་པར། བུད་མེད་ཚོར་ཆོས་ཉམས་ལེན་ལ་སྨན་པའི་དམིགས་བསལ་གྱི་ནུས་པ་ཡོད་གསུངས། དེ་ལྟར་ངས་སྐུ་དེ་འབྲི་རྒྱུ་ཁས་བླངས་པ་དང༌། དེ་བསྒྲུབས་མཚམས་ཁོང་ལ་བསྐུར་བ་ཡིན། དེའི་རྗེས་ལམ་སེང་ཁོང་ང་ཚོའི་གཟིམ་ཤག་ཏུ་ཕེབས་ནས་ང་ལ་ཐུགས་རྗེ་ཆེའི་ཚུལ་དུ་ཁ་བཏགས་གཅིག་དང་རྒྱ་མིའི་དཱ་ཡང་གཅིག་གནང་བྱུང༌། དཱ་ཡང་དེ་ནི་སི་ཁྲོན་ཞིང་ཆེན་ཁུལ་དུ་འགྲེམ་སྤེལ་བྱས་པ། ངོས་སུ་གོང་མའི་ཞྭ་མོ་མོའོ་ཙེ་ཏུང་ཐོག་བྱ་སྤུ་ཡོད་པ་ཞིག་གྱོན་པ་དེ་འདྲ་རེད། ངས་སྒོར་མོ་དེ་དྲན་རྟེན་གྱི་ཚུལ་དུ་ཉར་བ་དང༌། དེ་ད་ལྟའང་ང་རང་དང་འབྲལ་མེད་ཡིན་ལ་ངའི་མཎྜལ་གྱི་རྫས་རྩ་ཆེན་ཞིག་ཡིན།

ཕྱི་ལོ་༡༩༤༨ ལོའི་ནང་ང་རང་རྒྱ་གར་དུ་ཕྱིན་པ་དང༌། ཕྱི་ལོ་༡༩༤༩ ལོའི་དབྱར་གཞུང་ལ་གཅུང་མོ་བཀྲ་ཤིས་ལགས་ཀྱི་གཉེན་སྒྲིག་ཆེད་ཕྱིར་ལྷ་སར་ལོག་པ་ཡིན། དེ་དུས་ངས་གོ་ཐོས་ལ་དགེ་ཆོས་ལགས་བུད་མེད་གཅིག་དང་མཉམ་དུ་བཞུགས་ཀྱིན་འདུག་ཟེར། ང་རང་སྐབས་རེ་ཨ་ཞང་བཀྲས་ཟུར་དཔལ་ལྡན་རྒྱལ་མཚན་ལགས་ཀྱི་སར་འགྲོ་ཡི་ཡོད། ཁོང་ནི་བསྟན་རྒྱས་གླིང་དགོན་ཁུལ་གྱི་ལྷ་སའི་ཁ་པར་དང་ཏར་འཕྲིན་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་རེད། ཨ་ཞང་ལགས་ཀྱི་གཟིམ་ཤག་གི་གཤམ་འོག་ཏུ་སྤྱི་གླིང་གོག་པོ། ལོ་མང་བདག་མེད་དུ་བཞག་པ་ཞིག་འདུག སྤྱི་གླིང་དེ་སྔ་མོ་བསྟན་རྒྱས་གླིང་དགོན་པའི་ཡིན་པ་འདྲ། ཨ་ཞང་ལགས་ཀྱིས་གཟིམ་ཤག་གི་སྒེའུ་ཁུང་ནས་ང་ལ་སྤྱི་གླིང་ནང་གི་ལྕང་མའི་འོག་སྡོད་བཞིན་པའི་མི་གཉིས་བསྟན་གནང་བྱུང་བ། དགེ་འདུན་ཆོས་འཕེལ་ལགས་དང་ཁམས་པའི་བུད་མེད་གཅིག་རེད་འདུག། ཁོང་གཉིས་མཆོད་ཆང་དམ་བི་གང་ལ་ལོངས་སྤྱོད་གནང་བཞིན་འདུག ཨ་ཞང་ལགས་ཀྱིས། ཁོང་གཉིས་རྒྱུན་དུ་སྤྱི་གླིང་དེའི་ནང་ཡོང་ནས་ཆང་འཐུང་གི་འདུག་ཟེར། དེ་ནི་ངས་དགེ་ཆོས་ལགས་མཇལ་བ་མཐའ་མ་དེ་རེད། དེ་དུས་ཁྱོད་རང་༼འཇམ་དབྱངས་ནོར་བུ་༽ལོ་གཅིག་ཙམ་རེད། དེ་རྗེས་རྒྱ་དམག་གིས་བོད་ཁམས་ཁུལ་ལ་དམག་བརྒྱབས་ནས་ཆབ་མདོ་འཇུས་པ་དང་ཡུན་རིང་པོ་མ་སོང་བར་ང་ཚོ་ལྷ་ས་ནས་ཐོན་ཡོང་བ་རེད། དུས་རབས་བཅུ་གཉིས་པའི་ནང་གི་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྗེས། ང་ཚོ་གངས་ཅན་གྱི་ལྗོངས་ལ་ཕལ་ཆེར་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་འདྲ་བ་རྩ་བ་ནས་བྱུང་མྱོང་མེད། ཁོང་ལ་གང་དང་གང་བྱུང་བ་ཚང་མ་ངོ་མ་བློ་ཕམ་དགོས་པ་རེད་ལ། ང་ཚོ་བོད་རྒྱལ་ཁབ་དང་མི་མང་ཡོངས་ཀྱི་གྱོང་གུད་ཚབས་ཆེནཞིག་ཀྱང་རེད།།

ཟུར་མཆན།

༡ བསོད་ནམས་སྟོབས་འབྱོར་ལགས་ནི་ཐོས་པ་ཡངས་པའི་བོད་མི་སྔོན་ཐོན་གྱི་བསམ་བློ་ཅན་ཞིག་རེད། ཁོང་ནི་དབང་ཆ་གཅིག་འཛིན་རིང་ལུགས་ལ་མི་དགའ་བ་ཇི་བཞིན་དམར་ཤོག་རིང་ལུགས་ལའང་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་ཞིག་རེད། ཁོང་གིས་ཆ་སྙོམས་འདྲ་མཉམ་རིང་ལུགས་ལ་ཡིད་སྨོན་གནང་ཞིང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་ང་༼འཇམ་དབྱངས་ནོར་བུ༽དང་དེའི་དུས་ཀྱི་གཞོན་སྐྱེས་གཞན་ལ། རིམ་པས་བོད་པའི་སྤྱི་ཚོགས་འདི་དེང་རབས་ཅན་དུ་བསྒྱུར་བ་ལ་འབད་བརྩོན་བྱ་དགོས་པའི་བསླབ་བྱ་གནང་བ་རེད།

༢ ངའི་ཨ་ཞང་ཚེ་དབང་ཆོས་རྒྱལ་ལགས་ཁོང༌། དགུང་ལོ་བཅུ་བཞི་བཅོ་ལྔ་ཙམ་ལ་ཁོང་གི་གཅེན་པོ་བསོད་ནམས་སྟོབས་འབྱོར་ལགས་དང་མཉམ་དུ་དགེ་འདུན་ཆོས་འཕེལ་ལགས་ཀྱི་བཞུགས་གནས་སྒོ་མང་ཁང་གསར་ལ་ཕེབས་པ་དྲན་གནང་བ་དང༌། ཁོང་གིས་གསལ་པོར་དྲན་པ་ཞིག་ལ། ཐེངས་གཅིག་དགེ་འདུན་ཆོས་འཕེལ་ལགས་ཀྱིས། ཨ་ཞང་བསོད་ནམས་སྟོབས་འབྱོར་ལགས་ཀྱིས་ཆེད་མངགས་ཁོང་གི་ཆེད་དུ་རྒྱ་གར་ནས་མངགས་ཉོ་གནང་པའི་རྒྱ་གར་གྱི་མཚན་ཉིད་དང་ལྟ་སྒྲུབ་རིག་པའི་ཕྱག་དཔེ། ལིན་ཡུ་བཏང་ Lin Yutangགིས་མཛད་པ་༼རྒྱ་གར་གྱི་བློ་གྲོས་༽དེ་ལས་སྐད་ཤུགས་ཆེན་པོས་ལྗགས་ཀློག་གནང་བཞིན་འདུག་གསུངས། ཁོང་གིས་ད་དུང་དགེ་ཆོས་ལགས་ཀྱིས་ནང་ཆོས་དཔེ་ཆ་ཞིག་ལས་༼ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌།༽ཞེས་པའི་ཚིགས་བཅད་རྐང་པ་འདི་ལྗགས་ཀློག་མཛད་པའང་དྲན་གྱི་འདུག ཨ་ཞང་ཚེ་དབང་ཆོས་རྒྱལ་ལགས་ཀྱི་དྲན་ཤེས་ལྟར་ན། དགེ་ཆོས་ལགས་ཀྱི་གཟིམ་ཤག་དེ་ཅུང་ནག་ཁུང་ཡིན་པའི་ཐོག་སྒེའུ་ཁུང་ཡང་ཆུང་ཆུང་གཅིག་ལས་མེད་པ། གཟིམ་སྦུག་ཏུ་ཁྱིམ་ཆས་ཐར་ཐོར་གྱི་སྒྲིག་ཤོམ་སྟབས་བདེ་ཅན་ཞིག་རེད་འདུག དེ་འདྲ་བའི་གཟིམ་ཤག་གི་བཀོད་པ་ཅུང་འཇིགས་རུང་བ་དེའི་ནང༌། སྐབས་རེ་དགེ་ཆོས་ལགས་ཀྱིས་ཁོང་གི་འཆར་ཡན་གྱི་འཆར་སྒོས་ཕྱུག་པའི་རང་གཤིས་ལྷུག་པོར་སྨྲ་བ་རེད་ཟེར། ཐེངས་གཅིག་དགེ་ཆོས་ལགས་ཀྱིས། ཁོ་རང་ཧ་ལམ་ཆོས་རྒྱལ་སྐུ་དུས་ཀྱི་གཏམ་བརྗོད་གཅིག་ནང་ཡོད་པ་ལྟར། བློན་ཆེན་མགར་གྱི་ཆ་ཤས་ལེན་ཁུལ་གྱིས་༼བློན་པོ་མགར་གྱིས་འདི་ལྟར་གསུངས་ཡོད་ཀྱིན་རེད།༽ཅེས་གསུངས་པ་དང༌། དེ་མ་ཉིད་དུ་དཔའ་ཉམས་ལྡན་པའི་རང་རྩོམ་གཏམ་བཤད་ཅིག་སྐད་ཤུགས་ཆེན་པོས་གསུངས་པ་དང༌། ༼དེ་ནས་སྲོང་བཙན་སྒམ་པོས་ཏན་ཏན་འདི་ལྟར་ལན་གནང་ཡོད་ཀྱིན་རེད།།༽ སོགས་གསུངས།། །།