ད་ལོ། ངེད་ཚང་ལ་ལོ་སར་མེད།

རང་དབང་དང་ལར་ཞེན་གྱི་ཆེད་དུ་སྐྱེས་བུ་མང་པོ་ཞིག་མུན་པའི་བཙོན་ཁང་ན་མིའི་ཀུན་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་ཡོད་པས་ངེད་ཚང་ལ་ལོ་སར་མེད། ངའི་ཡབ་ཆེན་ཚོའི་སྙིང་རླུང་ལ་དྲག་སྐྱེད་བྱུང་མེད་ལ། ངའི་ཡུམ་ཆེན་ཚོའི་སྤྱན་ཆབ་ཀྱི་རྒྱུན་ཐག་ད་དུང་ཆད་མེད་པས་ངེད་ཚང་ལ་ལོ་སར་མེད། མཐོ་སྒང་ན་བེམ་པོའི་རི་རབ་བརྩེགས་ཤིང་ལུང་གཤོང་ན་ཁྲག་གི་མཚོ་མོ་བསྐྱིལ་བའི་ལག་དམར་ཚང་གི་ཕ་གཞིས་ན་རྒྱལ་སྤྱིའི་མིག་ལོང་བ་ཚོས་བྲོ་རྡུང་གླུ་ལེན་གྱི་སྐྱིད་པོ་གཏོང་དུས་ཡིན་ལ། ངེད་བོད་མི་ཚོ་མྱ་ངན་དང་སྨྲེ་ངག་གི་ཁྲོད་ནས་མིག་ཟུང་བཙུམས་ནས་སྡོད་དུས་ཡིན་པས་ངེད་ཚང་ལ་ལོ་སར་མེད། བོད་མིའི་གནམ་འདེགས་ཀྱི་ཀ་བ་གཅིག་སྟེ་ྋསྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་རྟོགས་པ་ལྷ་དང་མཉམ་རུང་ཀུན་སྤྱོད་མི་དང་མཐུན་དགོས་པའི་གནས་ལུགས་དེ་བསྐྱངས་ནས་སྙིང་རྗེ་བའི་གདོང་དམར་སྤྲེལ་ཕྲུག་ཚོ་སླར་ཡང་ྋགོང་ས་མཆོག་གཅིག་པུའི་ཕྱག་ཏུ་བསྐྱུར་ནས་ཕེབས་སོང་བས་ངེད་ཚང་ལ་ལོ་སར་མེད།
    གཞིས་ལུས་པ་ཚོ་དྲན་གདུང་དང་སྡུག་བསྔལ་ཁྲོད་ན་ཤི་གསོན་གྱི་བར་ཐག་མི་ཆོད་པའི་མཚམས་ན་ཡོད་པས་ངེད་ཚང་ལ་ད་ལོ་ལོ་སར་མེད། ལོ་འདི་མ་སྐད་ཀྱིས་བསྐྲུན་པའིསྙུག་ཐོག་དཔའ་བོ་ཚོའི་སྙུག་རྩེ་རྒྱ་ལ་གཏད་ཅིང༌། རྡུང་ལེན་པ་ཚོས་སེམས་ངལ་གླུ་ལ་འདྲེན་བཞིན་ལོ་འདིར་རྒྱལ་གཅེས་དཔའ་བོ་ཚོའི་ཆེད་དུ་ལོ་སར་མི་བྱེད་པའི་དྲན་སྐུལ་སྤེལ་དུས་ཡིན་པས་ངེད་ཚང་ལ་ལོ་སར་མེད། ན་ཟུག་གི་འཁུན་སྒྲ་དང་སྐྱོ་བའི་ངུ་ངག་ད་དུང་མ་འཇགས་ཤིང༌། ཁྲག་གི་རླངས་པ་དང་མིག་ཟུང་གི་མཆི་མ་ད་དུང་མ་སྐམ་པས་ན་ངེད་ཚང་ལ་ལོ་སར་མེད། ལོ་སར་ཞེས་པའི་ཐ་སྙད་འདི་ལོ་རྙིང་པར་བཀྲ་ཤིས་བདེ་ལེགས་བྱུང་སའི་ཁྱིམ་ཚང་དེ་ལ་མཛེས་པ་ལས། ནང་མི་མང་པོ་ཞིག་ལྔ་ལམ་དུ་ཕྱིན་པ་ཚང་ལ་མི་མཛེས་པར་འདོད་པ་ནི་མྱ་ངན་བྱེད་སྟངས་ཤིག་ཡིན་པས་ངེད་ཚང་ལ་ལོ་སར་མེད། ཡིན་ན་ཡང་ངེད་སྒང་པ་མི་རིགས་སྙིང་སྟོབས་དང་ལར་ཞེན་གྱི་ཀློང་ན་ཞུམ་མེད་དཔའ་མཛངས་ཀྱིས་བཞེངས་ནས་ཡོད་ལ། བོད་མི་ཚོར་བྱམས་བརྩེ་དང་དྲང་བདེན་གྱི་ཚེ་སྲོག་ཞུགས་ནས་ཡོད། གདོང་དམར་མི་རིགས་དྲན་གདུང་དང་རེ་སྒུག་གི་ཀློང་ན་ཡོད་ཀྱང་ཁྱིམ་གཞི་ཆེན་པོ་འདིའི་གོ་ལའི་དབུ་རྩེ་ན་ྋགོང་ས་མཆོག་གི་མཚན་སྙན་དང་ལྷན་དུ་འཕུར་ངེས་ལ། བོད་མི་རིགས་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་ཡལ་བར་མི་འདོར་བ་ལོ་རྒྱུས་ཀྱིས་ཀྱང་བདེན་དཔང་ཐུབ་པས། ནང་མི་ལྷན་འཛོམས་ཀྱི་ལོ་སར་ཞིག་གི་བྲོ་བ་མྱོང་བ་ནི་གདོན་མི་ཟའོ།།