ང་ཚོས་བསམ་རྣོ་འཁོར་དགོས་པ།
ང་ཚོའི་རང་དབང་ནི་མི་རིགས་གཅིག་གི་དོན་གནད་ལ་ཐུག་པ་དང༌། ང་ཚོའི་ཤེས་ཡོན་ནི་མི་རིགས་གཅིག་གི་ཚེ་སྲོག་ལ་ཐུག་པ། ང་ཚོའི་དཔལ་འབྱོར་ནི་མི་རིགས་གཅིག་གི་ཡོ་ལང་ལ་ཐུག་པ། ང་ཚོའི་འཕྲོད་བསྟེན་ནི་མི་རིགས་གཅིག་བསྐྱེད་སྲིང་བྱ་རྒྱུ་བཅས་ལ་ཐུག་ཡོད། དེ་དག་ལ་ཕྱོགས་བསྡོམས་ཀྱིས་རྒྱུ་རྐྱེན་གང་གི་ཐོག་ནས་འཐུས་ཤོར་བ་དང༌། རྒྱུ་རྐྱེན་གང་གི་ཐོག་ནས་མ་འདང་བ། རྒྱུ་རྐྱེན་གང་ཞིག་གིས་ཡར་རྒྱས་ཀྱི་རྣམ་པ་བསྐྲུན་དགོས་མིན་ཐད་བསམ་མནོ་གང་མང་འཁོར་དགོས་ཀྱི་འདུག ང་ཚོའི་བོད་བཙན་པོའི་བྱུང་རབས་རྣམས་ཆེས་བརྗིད་པ་དང༌། ཆེས་བཟང་པོ་ཡོད་མོད་ཉེས་པའི་ཆ་བཙལ་ཡང་རྙེད་རྒྱུ་ཡོད་འདོག་ཁ་པོ་རེད།
བོད་སིལ་བུ་འཐོར་རྗེས་གཞུང་ཟིན་མི་རྗེ་བླ་དཔོན་དག་ནས་སྲོལ་བཟང་ངོ་མཚར་བའི་ཆ་མང་པོ་སྲོལ་གཏོད་ཡོད་མོད། ཕྱོགས་གཞན་གྱི་མཐོང་ཚུལ་ནས་སྤྱི་འབངས་གཅིག་གྱུར་མེད་པས་ཆོས་བརྒྱུད་རེས་འགའ་ བའི་སྦྱིན་བདག་ནང་བཞིན་ལས་མི་མང་གི་བདེ་སྡུག་ཞུ་ས་དང༌། མི་མང་གི་བདེ་སྡུག་ལ་གཟིགས་རྟོག་ཇི་བཞིན་མ་བྱུང་བ་བཅས་ཀྱི་ཉེས་པའི་ཆ་ཡང་མངོན་གྱུར་ཡོད། དེ་དག་ནས་འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་ནས་མཁྱེན་ཐུབ་ལ། འདིར་བརྗོད་དགོས་དོན་ནི་དེ་དག་ལ་ཕྱོགས་བསྡོམས་ཀྱི་ལེགས་ཉེས་ཀྱི་ཆ་ཅི་མཆིས་མི་རབས་འདི་ཐོག་ནས་བློང་དོར་མ་ནོར་བ་མི་རིགས་གཅིག་གི་མདུན་ལམ་ཐོག་ད་ལྟ་དང༌། མ་འོངས་པའི་དོན་གནད་རྣམས་རྩ་ཆེན་དུ་བཟུང་ཏེ། དེའང་མི་རིགས་གཅིག་གྱུར་གྱི་འདྲ་མཉམ་དང༌། ཆོས་ལུགས་དང༌། ཆོས་བརྒྱུད་སོ་སོ་མཉམ་གནས་ཐུབ་པ་དང༌། དུས་རབས་ཉེར་གཅིག་པའི་ནང་ང་ཚོའི་མི་རིགས་ཆེད་བློས་བཏང་ཆེ་ཙམ་གནང་ཏེ་གཡོན་ཞོགས་གཡོན་འདེགས་ཀྱི་བྱ་བ་ལ་ཞུགས་དགོས་པ་ནི་བོད་་མི་རིགས་ཀྱི་མདུན་ལམ་བཟང་ཤོས་དང༌། ཁེ་བཟང་ཆེ་ཤོས་དེ་ཡིན། དེ་འཚོལ་བའི་ཆེད་དུ་བང་ཆེན་གྱི་ཟིན་བྲིས་དུ་འཛུལ་བ་ཡིན་པས་རོགས་འདེགས་གང་མང་ཡོང་བའི་རེ་བ་ཡོད།