ཕྱི་ཟླ་དང་པོ།

འདུས་མང་ཡོངས་ནས་འཇམ་དབྱངས་ཆོས་རྗེའི་གསོལ་འདེབས་སོགས་ཞལ་འདོན་གྲུབ་མཚམས་གསོལ་འདེབས་མཎྜལ་འབུལ་བཞིན་པར་བཀའ་བློན་ཁྲི་པ་མཆོག་དང༌། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་སྐྱོང་ཆེན་པོ་དང་དགའ་གདོང་ཤིང་བྱ་ཅན་རྣམ་གཉིས་སྐུ་ཁོག་ཏུ་བརླམས་ཏེ་མཇལ་ཕྱག་རྟེན་གསུམ་འདེགས་འབུལ་ཞུས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་རྣམ་པ་བཅས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བཀྲ་ཤིས་འབུལ་ཚན་བསྟར་རྗེས་ྋགོང་ས་མཆོག་གིས་འཇམ་དཔལ་མཚན་བརྗོད་ཀྱི་གསུང་ཆོས་དབུ་འཛུགས་གནང༌། ཚེས་༥ ཉིན་གྱི་ཞོགས་པ་འཇམ་དཔལ་མཚན་བརྗོད་ཀྱི་གསུང་ཆོས་མཇུག་གྲུབ་པ་དང་ལྷ་མོའི་རྗེས་གནང་གི་གསུང་ཆོས་བཀྲིན་བསྩལ་ནས། འབྲས་སྤུངས་བླ་སྤྱི་དང་ཀུན་བདེ་གླིང་རིན་པོ་ཆེ། བསྒྲུབ་བརྒྱུད་རིན་པོ་ཆེ་བཅས་ཀྱིས་བརྟན་བཞུགས་ཕུལ་ཡོད་པ་རེད།།

དྷ་ས་ནས་བོད་བར་གོམ་བགྲོད་བྱེད་འཆར།

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་དྷ་ས་ནས་བོད་བར་གོམ་བགྲོད་ཅིག་བྱེད་འཆར་ཡོད་པ་དང༌། ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་དང་སྟབས་བསྟུན་ནས་དགོས་འདུན་དོན་ཚན་བཞིའི་ཆེད་དུ་ལས་འགུལ་དེ་འགོ་འཛུགས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག དགོས་འདུན་དོན་ཚན་བཞི་ནི་ྋགོང་ས་མཆོག་བོད་དུ་མགྱོགས་མྱུར་གདན་ཞུ་དགོས་པ་དང་གཅིག རྒྱ་མི་བོད་ནས་ཕྱིར་ལོག་དགོས་པ་དང་གཉིས། ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་དགོས་པ་དང་གསུམ། རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆུང་ལ་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་རྒྱུའི་ཆ་རྐྱེན་ཚང་མེད་པ་གསལ་འདེབས་བྱེད་རྒྱུ་བཅས་བཞི་ཡིན་འདུག གོ་སྒྲིག་བྱེད་མཁན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་དབུས་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཡིན་པ་དང༌། ལས་འགུལ་ཁྱབ་བསྒྲགས་ཆེད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་བོད་རིགས་སྡོད་སའི་ས་གནས་གང་སར་ཕེབས་འཆར་ཡོད་པ་མ་ཟད། ཚོགས་མི་བསྡུ་རུབ་ཀྱིས་ལས་འགུལ་སྤེལ་སྟངས་ལ་ཟབ་སྦྱོང་ཀྱང་གནང་འཆར་ཡོད་པའི་གནས་ཚུལ་འདུག།

ང་ཚོ་ཚུལ་ཤིང་བཀྲམ་རྒྱུའི་དུས་ཚོད་དེར་སླེབས་འདུག

ྋགོང་ས་མཆོག་གིས་འབྲས་བློ་གླིང་གཙུག་ལག་ཁང་གསར་པ་རུ་ཕྱི་ལོ་༢༠༠༨ ཟླ་༡ ཚེས་༩ ཉིན་དོལ་རྒྱལ་བསྟེན་གསོལ་སྐོར་བསྩལ་བའི་གལ་ཆེའི་བཀའ་སློབ།་  ཞིབ་པ་དེ་རྗེས་སུ་བཤད་ན་བསམ་སོང༌། ཡིན་ནའང་འདིར་སྦྱིན་བདག་མང་པོ་ཞིག་སླེབས་བསྡད་ཡོད་པ་རེད། ཁོང་ཚོ་རིགས་གཅིག་དོ་དགོང་སང་དགོང་ཐོན་འགྲོ་ཡི་མེད་འགྲོ། བྱས་ཙང་ཚང་མ་འཛོམས་ས་ལ་གསལ་བཤད་ཅིག་བྱས་བཞག་ན་ཡག་པའི་བཟོ་འདྲ་ཞིག་མཐོང་སོང༌། སྒྱུར་དགོས་པ་རེད་དཱ། རྒྱ་སྐད་སྒྱུར་མཁན་གང་དུ་ཡོད་པ་རེད། ད་ཁྱེད་རང་ཚོ་ཚང་མའི་ཨ་མཆོག་ནང་དུ་རྒྱལ་པོ་ཤུགས་ལྡན་ཟེར་བ་ཞིག་གོ་བསྡད་ཡོད་པཱ། འོ་དེ་ཕྱི་ལོ་༡༩༧༠ དོན་གྲངས་ནས་ད་བར་དུ་རྙོག་གྲ་དེ་བསྡད་བསྡད་པ་རེད། བར་སྐབས་རྙོག་གྲ་དེ་རྒྱ་ནག་གཞུང་གི་དོ་སྣང་བྱེད་ཡག་ཅིག་ཆགས་ནས། ཁ་སང་ང་ཚོའི་སྐུ་ཚབ་ཐེངས་མ་དྲུག་པ་ཐུག་པའི་སྐབས་ལ་རྒྱ་ནག་གཞུང་གིས་ང་ལ་སྐྱོན་བརྗོད་བྱས་པའི་དོན་ཚན་གཅིག་ལ་ཏཱ་ལའི་བླ་མས་ཤུགས་ལྡན་ལ་དམ་དྲག་བྱས་པ་དེ་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད་པ་རེད། ཅེས་རྒྱ་ནག་གུང་ཁྲན་ཏང་ཆོས་མེད་མཁན་དེས་ད་ཆ་ཏཱ་ལའི་བླ་མའི་བྱེད་ཕྱོགས་ཀྱི་རྐྱེན་པས་གུང་ཁྲན་ཏང་གིས་ཆོས་དད་རང་མོས་ཀྱི་ཐོག་ལ་ཁུར་ལེན་དགོས་པ་ཞིག་ཆགས་ཀྱི་འདུག ཅེས་དོལ་རྒྱལ་དམ་དྲག་བྱས་པ་དེ་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་འདུག་ཅེས་ང་ལ་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་སྐྱོན་འཛུགས་བྱས་པ་རེད། རྒྱ་ནག་གཞུང་གིས་དོལ་རྒྱལ་གྱི་ལོ་རྒྱུས་ཅང་ཤེས་ཀྱི་ཨེ་ཡོད། ཁོ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ལ་མཐོང་ནས་གང་ལྟར་ང་ལ་སྐྱོན་འཛུགས་བྱས་པ་རེད། ང་ལ་སྐྱོན་འཛུགས་བྱས་པར་ཁྱད་གང་ཡང་མི་འདུག ཡིན་ནའང་བོད་ནང་དུ་དོལ་རྒྱལ་བསྟེན་མཁན་ཚོ་ལ་དམིགས་བསལ་གྱིས་བདག་པོ་བརྒྱབ། ཨར་པོ་རྒྱག་རྒྱུ་ལ་རོགས་རམ་བྱེད་རྒྱུ་ལ་སོགས་པ། དགོན་པ་ཚོས་དོལ་རྒྱལ་བསྟེན་དགོས་པ་རེད། དེ་ཆོས་དད་རང་མོས་རེད། ཏཱ་ལའི་བླ་མས་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད་པ་རེད། དོལ་རྒྱལ་བསྟེན་དགོས་པ་རེད་ཅེས་བོད་ནང་དུ་སྐུལ་སློང་བྱེད་ཀྱི་འདུག ཐབས་སྡུག་པ་ཞིག་ལ་ཕལ་ཆེར་དོལ་རྒྱལ་བསྟེན་མཁན་ཚོས་རྒྱུད་སྐུལ་བྱས་པ་ཕལ་ཆེར་ཡིན་ས་རེད། བསམ་ཡས་ལ་བར་སྐབས་གསར་དུ་བཞེངས་པའི་གུ་རུ་རིན་པོ་ཆེའི་སྐུ་ཞིག་ཡོད་པ་རེད། དེ་བཤིག་པ་རེད། དེ་དང་དེ་འདྲ་བའི་སློབ་དཔོན་གྱི་སྐུ་བཤིག་པའི་གནས་ཚུལ་ཁ་ཤས་བྱུང་ཡོད་པའི་བཟོ་འདྲ་ཞིག་འདུག དམ་དྲག་ཞེ་དྲག་བྱེད་ཀྱི་འདུག སྟོད་ཁུལ་དུ་མི་མང་གིས་སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་རེད། རྒྱ་མིའི་དམག་མིས་ས་ཆ་དེ་བསྐོར། མི་སུ་གཅིག་འཁྲིས་སུ་བཅར་ཡག་མེད་པར་དམག་མིས་མཐའ་བསྐོར། དེ་ནས་པར་རྒྱག་རྒྱུ་དེ་བཀག དེ་འདྲའི་དོགས་པ་བྱུང་བ་མིན་འགྲོ། རྫས་མདེལ་བརྒྱབ་ནས་སློབ་དཔོན་གྱི་སྐུ་དེ་གཏོར་འདུག་གཱ། ད་དེ་ཏོག་ཙམ་ཛ་དྲག་པོ་ཞིག་ཆགས་ཡོང་གི་ཡོད་པ་རེད། ས་དེ་འདྲ་ཞིག་གི་གནས་སྟངས་འོག་ལ་ད་དུང་དེ་འདྲ་བྱས་ནས་ཉ་དང་ཉུང་མ་མཉམ་བསྲེས་བྱས་ནས་བསྡད་བསྡད་པ་ཡིན་ན། མང་པོ་ཞིག་ལ་དཀའ་ངལ་འཕྲད་སྡོད་ཀྱི་འདུག བར་སྐབས་དོལ་རྒྱལ་ཚོགས་པས་རྒྱ་གར་གཞུང་ལ་དོལ་རྒྱལ་བསྟེན་མཁན་ཚོ་ལ་ཏཱ་ལའི་བླ་མས་ཆོས་དད་རང་མོས་བཀག་གི་འདུག དེ་འདྲ་ཡིན་དུས་ཉེན་ཁ་ཡང་འདུག རྒྱ་གར་གཞུང་གིས་སྲུང་སྐྱོབ་བྱེད་རོགས་གྱིས་ཞེས་རྒྱ་གར་གཞུང་ལ་ཞུས་འདུག རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་དེ་ལ་འབྱོར་ལན་སྤྲད་ནས་དེ་འདྲ་གནང་འདུག དེ་གཞི་ལྗིད་པོའི་སྒང་ལ་སླེབས་པ་རེད། ངས་ད་ལྟའི་བར་དུ་དགེ་སྐྱོན་བཤད་པ་རེད། དེ་ང་རང་གི་ཉམས་མྱོང་ཐོག་ནས་སྐྱོན་ཆ་ཡོད་བསྡད་པ་དེ་ཚོ་བླ་མ་གོང་མ་ཚོའི་གསུང་གཞི་ལ་བཞག་པའི་ཐོག་ནས་སྐྱོན་དེ་འདྲ་འདུག་གཱ། ཞེས་ལབ་ཡག་དེ་ངའི་ལས་འགན་རེད། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད་མ་གཏོགས། ངས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་དང་པོ་ཉིད་ནས་ལབ་པ་ཞིག་མེད། ཁ་ཆེའི་ཕ་ལུའི་ཚིག་དེ་ངས་བཤད་ནས། ཁ་ཆེའི་ཕ་ལུས་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་འདོད་པ་རེད།། ཅེས་ལུང་དེ་དྲངས་ནས་ངས་རྟག་པར་ཤོད་སྡོད་ཀྱི་ཡོད། བྱས་ཙང་ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། ངས་ལབ་བཞག་པ་དེ་ཉན་དགོས་པ་རེད་ཅེས། སྔོན་མ་ནས་བཤད་མེད། ད་ལྟའང་ཤོད་ཀྱི་མེད། ད་ཡིན་ནའང་པ་རུ་པུ་རེ་འདྲ་ཞིག་བྱས་ནས་བསྡད་བསྡད་ན་འགྲིག་ཡག་ཅིག་གང་ཡང་མི་འདུག ད་གསལ་པོ་ཞིག་བཟོ་དགོས་ཀྱི་འདུག དེ་འདྲ་ཡིན་ཙང་དམ་ཆོས་འདུལ་བའི་གཞུང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་པའི་དོན་ཚན་བདུན་ཙམ་ཞིག་ཡོད་པཱ། རྩྭ་བཀྲམ་རྒྱུ་དང༌། ཚུལ་ཤིང་བཀྲམ་རྒྱུ་དེ་འདྲ་ཞིག་ཡོད་པཱ། ད་ང་ཚོ་ཚུལ་ཤིང་བཀྲམ་རྒྱུའི་དུས་ཚོད་དེར་སླེབས་འདུག དེང་དུས་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་པ་ཡིན་ན། དབྱིན་ཇིའི་ཚིག་གི་ཐོག་ལ་ངྟཐྟཔྱྟརྣརྟསྤྱན ཞེས་མང་མོས་ཀྱིས་སྐད་ཆ་འདྲི་རྒྱུ་ཞིག་གི་མཚམས་སུ་སླེབས་འདུག དེ་འདྲ་ཡིན་ཙང་བློ་གསལ་གླིང་གི་མཛད་སྒོ་དེ་གྲུབ་ནས་ཁྱེད་རང་ཚོ་གདན་ས་སོ་སོ་ཁོངས་སོ་སོའི་ནང་དུ་ལོག་འགྲོ་ཡི་རེད། དེ་ནས་ཁྱེད་རང་ཚོ་ཁོངས་སོ་སོའི་དགེ་འདུན་ཡོངས་རྫོགས་ཀྱི་ནང་དུ་དོལ་རྒྱལ་བསྟེན་འདོད་ཡོད་མེད་དྲི་བ་གཅིག་བྱས། དོལ་རྒྱལ་བསྟེན་འདོད་ཡོད་པ་དེ་ཚོས་བསྟེན་འདོད་ཡོད་ཅེས་ས་ཡིག་བརྒྱབ། བསྟེན་འདོད་མེད་པ་དེ་ཚོས་བསྟེན་འདོད་མེད་ཅེས་ས་ཡིག་ཅིག་བརྒྱབ། མཁྱེན་སོང་ངམ། ཡང་དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་འདོད་པ་ཡོད་པ་དེ་ཚོས་ས་ཡིག་ཅིག་བརྒྱབ། དོལ་རྒྱལ་བསྟེན་མཁན་དང་མཉམ་དུ་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་དུ་ལོངས་སྤྱོད་འདོད་མེད་ཅེས་བརྗོད་མཁན་དེ་ཚོས་ས་ཡིག་ཅིག་བརྒྱབ། ད་ག་རེ་བྱས་སོང༌། མང་མོས་ཀྱིས་འོས་བསྡུ་ཞིག་བྱས། སུ་གཅིག་བཙན་དབང་བྱེད་མཁན་མེད། ངས་ཀྱང་བཙན་དབང་བྱེད་ཀྱི་མེད། མང་མོས་བརྒྱ་ཆ་དྲུག་ཅུ་ཡན་ཆད་ཀྱིས་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་ལབ་སོང་ན། ཉི་མ་དེ་ནས་ངས་དོལ་རྒྱལ་སྐོར་ལ་ཚིག་གཅིག་བཤད་མི་ཡོང༌། ཤེས་སོང་ངམ། འགན་ཁྱེད་རང་ཚོས་ཁུར་གྱི་རེད། ད་ཡང་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ལས་མང་བ་ཞིག་གིས་དོལ་རྒྱལ་བསྟེན་གྱི་མིན། དོལ་རྒྱལ་བསྟེན་མཁན་ཚོ་དང་མཉམ་དུ་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་བྱེད་འདོད་མི་འདུག་ཟེར་བ་ཞིག་བྱུང་བ་ཡིན་ན། དེ་ལ་གཞིགས་པའི་བསམ་བློ་ཞིག་གཏོང་དགོས་ཀྱི་ཡོད་པ་རེད། དོལ་རྒྱལ་བསྟེན་མཁན་ཚོ་དངོས་གནས་བྱས་པ་ཡིན་ན་རྒྱ་གར་ལ་ཡོང་དགོས་ཡག་མི་འདུག་གཱ། ང་ཚོ་རྒྱ་གར་ལ་ཡོང་མཁན་དེ་ཚོ་རྒྱ་ནག་གཞུང་གིས་འགྲིག་གི་མི་འདུག་ཅེས་ང་ཚོ་འདིར་ཡོང་བ་རེད། དོལ་རྒྱལ་བསྟེན་མཁན་ཚོར་རྒྱ་ནག་གཞུང་གིས་བདག་པོ་རྒྱག་གི་འདུག རྒྱ་ནག་གཞུང་གིས་དམིགས་བསལ་གྱིས་ལྟ་རྟོགས་བྱེད་ཀྱི་འདུག་གཱ། བྱས་ཙང་ལྟ་རྟོགས་བྱེད་མཁན་ཡོད་ས་དེར་ཕར་ཕྱིན་བཞག་ན་ཡག་ས་རེད། འདིར་སྡོད་དགོས་དོན་གང་ཡང་མི་འདུག མཁྱེན་སོང་ངམ། མང་བས་དོལ་རྒྱལ་བསྟེན་གྱི་ཡིན་ཞེས་ཐག་གཅོད་བྱུང་ན་ལགས་སོ་ཞུ་རྒྱུ་ལས་ང་ལ་གང་ཡང་མེད། ཁྱད་པར་ཁྱོན་ནས་མི་འདུག དེ་སྔ་ང་རང་གིས་བསྟེན་པ་རེད། ངས་ནོར་འདུག བླ་མ་གོང་མ་རྣམས་ལ་དགོངས་དག་ཅེས་སྤང་བླངས་ཚུལ་བཞིན་བྱས་དེ་འདྲ་ཡིན། མང་བ་དེ་བསྟེན་གྱི་ཡིན་ལབ་པ་ཡིན་ན་སོ་སོའི་རང་དབང་རེད། དེ་ལ་གང་ཡང་ཡོད་པ་མ་རེད། དེ་ཡང་ཞེད་སྣང་འཚེར་སྣང༌། རྒྱལ་བ་རིན་པོ་ཆེ་ལ་ངོ་དགའ་སྤྲེལ་ལད་འདྲ་ཞིག་བྱེད་དགོས་པ་གང་ཡང་མེད། གནས་ཚུལ་ཆ་ཚང་རྟོགས་པ་བྱས། སང་གནངས་རྗེས་སུ་ང་ལ་ཡིག་ཆ་ཞིག་བཀྲམ་རྒྱུ་ཡོད། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་བླ་མ་གོང་མ་མང་པོ་ཞིག་གིས་དོལ་རྒྱལ་གྱི་ཐོག་ལ་ག་རེ་གསུང་གི་ཡོད་མེད། རྣམ་འགྱུར་ག་འདྲ་ཞིག་གནང་གི་ཡོད་མེད། དམ་དྲག་ག་འདྲ་ཞིག་གནང་ཡོད་མེད། དེ་ཚོ་ཡིག་ཆ་འདུག་གཱ། པར་བརྒྱབ་ནས་བཀྲམ་གྱི་ཡིན། ཁྱེད་རང་ཚོས་འོས་བསྡུ་མ་བྱས་གོང་ལ་དོལ་རྒྱལ་བསྟེན་ན་དོལ་རྒྱལ་ལ་དགག་པ་བསྐྱོན་མཁན་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་འདི་འདྲ་འདི་འདྲ་བྱུང་འདུག གཅིག་དང་གཉིས་བྱས་ནས་གོ་བརྡ་སྤྲད། བསྟེན་མཁན་ཚོས་དོལ་རྒྱལ་བསྟེན་དགོས་པའི་རྒྱུ་མཚན། བསྟེན་ན་དགེ་མཚན་ཡོད་པའི་རྒྱུ་མཚན་བར་སྐབས་ཐེངས་མང་པོ་ཞེ་དྲག་ཐོན་པ་རེད། དོལ་རྒྱལ་བསྟེན་ན་དེ་ནོར་ལྷ་རེད། དངུལ་ཡོང་གི་རེད། དོལ་རྒྱལ་གྱི་བུམ་སྒྲུབ་ཅིག་སྔོན་ལ་བྱས་ནས་དེ་ནས་ག་ལེ་ག་ལེ་བྱས་ནས་དོལ་རྒྱལ་གྱི་སྲོག་གཏད་ཞུ་རྒྱུ་དང༌། ཟླ་བསྐང་གཏོང་རྒྱུ་དེ་ཚོ་མར་འགྲོ་སྡོད་ཀྱི་འདུག བྱས་ཙང་དོལ་རྒྱལ་བསྟེན་ན་རྒྱུ་ཕྱུག་པོ་ཆགས་པ་དང༌། དོལ་རྒྱལ་བསྟེན་ན་ལམ་འགྲོ་ཡོད་པ་དེ་ཚོ་གྲྭ་སྒོམ་རིན་པོ་ཆེ་གཤེགས་འགྲོ་མཁན་དེའི་ཕྱག་དེབ་ནང་ལ་བྲིས་གནང་ཡོད་པ་རེད། དེ་འདྲའི་དེབ་མང་པོ་ཞེ་དྲག་ཡོད་པ་རེད། དེ་འདྲ་མང་པོས་མཐོང་ཡོད་པ་རེད། མང་པོ་ཞིག་གིས་ཤེས་ཀྱི་རེད། དོལ་རྒྱལ་བསྟེན་ན་དགེ་མཚན་ག་རེ་ཡོད་པ། དོལ་རྒྱལ་བསྟེན་མཁན་དེ་ཚོས་ག་རེ་བཤད་ཀྱི་ཡོད་མེད་དེ་ཡང་ཤེས་པ་བྱས། དོལ་རྒྱལ་བསྟེན་ན་ཉེས་པ་ཡོད་པ་རེད་ཅེས་ྋགོང་ས་ལྔ་པ་ཆེན་པོ། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་བའི་རྡོ་རྗེ། ཕུར་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་གཙོ་བོ་དེ་ཚོའི་གྲས་རེད། དེ་ཚོའི་དེ་ཕྱོགས་གཅིག་བྱས། ཡང་ལྗིད་ཅིག་བཀྱགས་ནས་བསམ་བློ་གཏོང་དགོས་པ་རེད། དེ་འདྲ་བྱས་ན་བསམ་ནས་དྲན་སོང༌། ཁྱེད་རང་ཚོས་ཤེས་སོང་ངམ། སྦྱིན་བདག་ཚོས་ཤེས་སོང་ངམ། དེ་ཁ་དང་ཁ་སྤུ་དབྱེ་འབྱེད་གཏོང་ཞེས་གནའ་སྔ་མོ་ནས་བཤད་སྡོད་ཀྱི་ཡོད་རེད་ལ། མཚམས་ཤིག་ལ་སླེབས་འདུག ད་ལྟ་རྒྱ་མིས་འདི་འདྲ་ཞིག་ཤུགས་ཆེན་པོ་བྱས་དུས། དོལ་རྒྱལ་བསྟེན་མཁན་ཚོས་མི་བསད་པ་རེད། ཉེས་རྡུང་གཏོང་གི་ཡོད་པ་རེད། སྡིགས་ར་སྐུལ་གྱི་ཡོད་པ་རེད། དེ་ལ་ཁྱད་པར་གང་ཡང་མི་འདུག ཡིན་ནའང་རྒྱ་ནག་གུང་ཁྲན་ཏང་ལ་མགོ་འདོགས་ཡག་ཟེར་བ་དེ་ཉམས་མཚར་པོ་འདྲ་ཞིག་རེད། ང་ཚོས་ད་ལྟ་རྒྱ་ནག་གཞུང་ལ་རྩོད་པ་རྒྱག་གི་ཡོད་པ་རེད། ང་ཚོས་ཁ་བྲལ་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་ང་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་བོད་པ་ཚོར་བློ་འཇོག་ས་ཡོད་པ་ཞིག་བྱུང་ན་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་སྡོད་ཀྱི་ཡིན་ཞེས་ང་ཚོས་ཤོད་ཀྱི་ཡོད་པ་རེད། བྱས་ཙང་ད་ལྟ་བོད་ནང་དུ་རྒྱ་མི་རང་གིས་འདོད་པ་གང་ཡོད་རྐང་བསྐྱངས་ལག་བསྐྱངས་བྱེད་རྒྱུ་དེ་ང་ཚོས་འགྲིག་གི་མི་འདུག ཅེས་ང་ཚོས་རྒྱ་ནག་གཞུང་ལ་རྩོད་པ་རྒྱག་གི་ཡོད་པ་རེད། རྩོད་པ་རྒྱག་པའི་སྐབས་ལ་རྒྱ་ནག་གཞུང་གི་ཕྱོགས་སུ་ལངས་པ་དེ་བློ་ཕམ་པོ་རེད། དེ་ཡང་ཆོས་པའི་མིང་ཞིག་ཁུར། ཧམ་པ་བཤད་པ་ལ་ནི་ཆོས་དད་རང་མོས་ཞེས་ཤོད་ཀྱི་འདུག དེ་ཆོས་དད་ཀྱི་སྐད་ཆ་མ་རེད་པཱ། འབྱུང་པོ་མི་མ་ཡིན་ཞིག་བསྟེན་རྒྱུའི་སྐད་ཆ་རེད། སྐྱོབ་པའི་སྲུང་མ་ནི་མ་རེད། ད་ཡང་འབྱུང་པོ་ཞེས་ལབ་དུས་འཇིགས་བྱེད་ཀྱི་ཕྱོགས་སྐྱོང་བཅོ་ལྔའི་ནང་འབྱུང་པོ་རོ་ལངས་ཞེས་པ་འདུག་གཱ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ།། བདུད་འདུལ་བསྟན་པ་སྲུང་བར་ཞལ་བཞེས་པ།། འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས།། དེའི་རྗེས་སུ། ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ།། ཞེས་དམ་ཅན་ཞེས་གསུངས་ཡོད་པ་ལས། དམ་ཉམས་ཞེས་གསུངས་ཡོད་པ་མ་རེད། དམ་ཚིག་ལྡན་ན་འབྱུང་པོ་ཡིན་ཡང་ཨོའུ་ཙམ། རོ་ལངས་ཡིན་ཡང་ཨོའུ་ཙམ། འབྱུང་པོ་ཡིན་པ་དམ་ཚིག་ཉམས་བསྡད་པ་ཆགས་ན་ཡག་པོ་ཞིག་གང་ཡང་མི་འདུག་གཱ། ཁ་ཤས་ཀྱིས་འབྱུང་པོ་ཡིན་ཕྱིན་ཆད་སྡུག་པོ་ཞིག་གང་ཡང་རེད་མི་འདུག འཇིགས་བྱེད་ཀྱི་འདོན་པ་འདོན་དུས་འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ།། བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། ཞེས་གསུངས་ཡོད་པ་རེད། འབྱུང་པོ་ལ་སྐྱོན་རང་མི་འདུག་བསམ་དྲན་ཡོང༌། འབྱུང་པོ་ནི་འབྱུང་པོ་རེད། གཤམ་དུ་དམ་ཅན་བཀའ་ཉན་ཞེས་བཤད་ཀྱི་འདུག་གཱ། དེ་དམ་ཉམས་རེད། ཅིག་བྱས་ན་ཞིབ་ཕྲ་ངས་རྗེས་ནས་བཤད་ཡོང༌། དམིགས་བསལ་གཞན་དག་ཅིག་བཤད་རྒྱུ་གང་ཡང་མི་འདུག ཡིག་ཆ་དེ་ཚོ་ངས་རྗེས་སུ་བཀྲམ་གྱི་ཡིན། ལོ་སུམ་བརྒྱ་དྲུག་ཅུ་བདུན་ཅུ་ལྷག་ཅིག་ནས་རྙོག་གྲ་ལྷགས་བསྡད་པ་དེ་ད་བར་ལོ་སུམ་ཅུ་ལྷག་ཅིག་གི་རིང་དུ་སྙད་སེ་བསྐོ་སེ་བྱས་ནས་བསྡད་པ་རེད། ད་འདི་འདྲ་བྱས་ནས་རྒྱ་མི་གུང་ཁྲན་གཞུང་གིས་དམིགས་བསལ་གྱི་དོ་སྣང་བྱས་ཡོང་དུས། ང་རང་ཚོས་ཀྱང་བསམ་བློ་ཏན་ཏན་ཞིག་བཏང་ནས་ད་ག་འདྲ་བྱེད་རྒྱུ་ཡིན་པཱ། ཁ་དང་ཁ་སྤུ་དབྱེ་འབྱེད་གཏོང་གི་ཡིན་ནམ། ཉ་དང་ཉུང་མ་མ་བསྲེས་པ་ཞིག་བྱེད་ཀྱི་ཡིན་ནམ། བྱེད་ཀྱི་ཡིན་ན་ཡིན་པ་ཞིག་ག་འདྲ་ཞིག་བྱེད་དགོས་ཀྱི་འདུག ཕྱོགས་གཉིས་ཆའི་གནས་ཚུལ་དེ་ངེས། བསམ། དེ་ནས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་ཀྱི་ཡིན། མཁྱེན་སོང་ངམ། མཁན་པོ་ཚོས་མཁྱེན་སོང་ངམ། དགེ་རྒན་ཚོས་མཁྱེན་སོང་ངམ། ཁྱེད་རང་ལས་སྣེ་ཚོས་ཤེས་སོང་ངམ། སྦྱིན་བདག་ཚོས་མཁྱེན་སོང་ངམ། དེ་འདྲ་རེད། དེ་ག་ཞིག་བཞག་བཞག་ན་ཆོ་ཞིག་གང་ཡང་མི་འདུག ཤེས་སོང་ངམ། ཆོས་ཕྱོགས་ཡིན་ཡང་དམ་ཆོས་འདུལ་བའི་ནང་དུ་བློ་མི་མཐུན་པའི་གནས་ཚུལ་ཡོང་བའི་སྐབས་སུ་དགེ་འདུན་ཚོར་ཚུལ་ཤིང་འཕེན་དུ་བཅུག་ནས་ཐག་གཅོད་གནང་གི་ཡོད་པ་རེད། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་དག་ཀྱང་ཞེས་གསུངས་པ་ནང་བཞིན། ང་རང་ཚོ་འཇིག་རྟེན་པའི་ཐོག་ནས་བརྩིས་པ་ཡིན་ནའང༌། ངྟཐྟཔྱྟརྣརྟསྤྱནཡག་པོ་ཞེ་དྲག་འདུག ངྟཐྟཔྱྟརྣརྟསྤྱན བྱས་བཞག་ན། ཁྱེད་རང་མགོ་སེར་གྲྭ་པ་ཚོ་ཡང་ངྟཐྟཔྱྟརྣརྟསྤྱན ནང་ལ་ཡོང་གི་ཡིན་ནམ། དེ་ལ་བྲེལ་བ་བྱེད་རྒྱུ་ཡོད་པ་མ་རེད། ཁོངས་སོ་སོའི་གནས་སུ་འཁོད། ལྷིང་འཇགས་སོང་ན་གནས་ཚུལ་ཆ་ཚང་ཞིག་འགྲེལ་བཤད་བརྒྱབ། ཆ་ཚང་ཞིག་ཤེས་པ་བྱས། བསམ་བློ་གཏོང་རྒྱུའི་གོ་སྐབས་ཤིག་བཞག དེ་ནས་འོས་བསྡུ་བྱེད་ཀྱི་ཡིན་དཱ། མཁྱེན་སོང་ངམ། འོ་དེ་སྦྱིན་བདག་ཚོ་ཡོད་ཐོག་དེར་གསལ་བཤད་ཅིག་བྱས་བཞག་ན་ཡག་པོ་རེད་བསམ་པ་དྲན་སོང༌།།

དགེ་འདུན་པ་གཉིས་རང་ཤི་བསྐྱོན་དགོས་བྱུང་འདུག

དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  བོད་ནང་གི་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་རྒྱལ་ཆེན་རྩེ་པ་བློ་བཟང་ལགས་དང༌། གཡང་པ་བློ་ཆོས་ལགས་གཉིས་རྒྱ་གཞུང་གི་སུན་གཙེར་དང་འཇིགས་སྐུལ་དྲག་པོའི་འོག་རང་ཤི་བསྐྱོན་དགོས་བྱུང་བའི་གནས་ཚུལ་ཐོན་འདུག

ཁོང་གཉིས་ཀ་འདི་ལོར་དགུང་གྲངས་༧༡ ལ་སོན་གྱི་ཡོད་པ་དང༌། རྒྱལ་རྩེ་པ་བློ་བཟང་ལགས་ཀྱི་དགེ་ཕྲུག་ཅིག་གིས་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བར་བརྟེན། ཁོང་དང་དགེ་ཕྲུག་གཉིས་ཀར་གཞིས་རྩེ་ཉེན་རྟོག་པ་དང༌། རྒྱ་གཞུང་གིས་བརྒྱུད་སྐུལ་བྱས་པའི་དགོན་པའི་དཔོན་རིགས་འགའ་ཤས་ཀྱིས་ཉིན་མཚན་མེད་པར་འཇིགས་སྐུལ་དང་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན། བཀྲ་ཤིས་ལྷུན་པོ་དགོན་དུ་རང་སྐེ་ཐག་པས་བསྡམས་ནས་འདས་གྲོངས་ཕྱིན་ཡོད་པ་དང༌། གཡང་པ་དཀའ་ཆེན་བློ་ཆོས་ལགས་ཀྱིས་ཕྱི་ལོ་༢༠༠༧ ལོར་བྱང་ཆུབ་སེམས་ཀྱི་འགྲེལ་བ་རིན་ཆེན་སྒྲོན་མེ་དཔར་སྐྲུན་འགྲེམས་སྤེལ་གནང་བས། འགྲེལ་བ་དེའི་འབྱུང་ཁུངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡིན་པར་སྐྱོན་འཛུགས་དང་འབྲེལ་དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པར་བསྙད་ནས་སུན་གཙེར་དང་འཇིགས་སྐུལ་ཤུགས་ཆེན་བྱས་པར་བརྟེན། སྙིང་ནད་ཀྱིས་བཟུང་སྟེ་ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༤ ཉིན་གཞིས་རྩེ་གྲོང་ཁྱེར་དུ་སྤུན་མཆེད་ཅིག་གི་ནང་དུ་རང་སྐེ་ཐག་པས་བསྡམས་ནས་འདས་གྲོངས་ཕྱིན་ཡོད་འདུག རིག་གསར་སྐབས་ནས་བཟུང་ཁོང་གཉིས་ཀས་ངལ་རྩོལ་སྒྱུར་བཀོད་ཀྱི་མིང་ཐོག་ནས་ལོ་མང་སྐུ་ངལ་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད་པ་དང༌། ཁོང་གཉིས་རང་ཤི་བསྐྱོན་དགོས་པའི་གནས་ཚུལ་ཐབས་སྡུག་དེ་ནི་ཕྱི་ལོ་༡༩༩༥ ལོའི་ྋཔཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ལྷག་ནས་བཟུང༌། བཀྲ་ཤིས་ལྷུན་པོ་དགོན་དུ་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་དང༌། རྒྱ་དམར་གྱིས་བསྐོས་པའི་དགོན་པའི་འགོ་ཁྲིད་རོག་ཚོ་ཨ་ཆུང་དང༌། རྒྱལ་ཆེན་རྩེ་བ་སྙན་གྲགས་སོགས་ཕྱི་ནང་ཟུང་དུ་སྦྲེལ་ནས་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་མི་སྣར་གནོན་ཤུགས་དྲག་པོ་གཏོང་བཞིན་ཡོད་པ་རེད། ཁོང་གཉིས་ཀྱིས་དགེ་ཕྲུག་མང་པོ་གསོ་སྐྱོང་གནང་ཡོད་པ་དང༌། བོད་རིགས་རྣམས་ཀྱིས་དགའ་ཞེན་ཆེན་པོ་བྱེད་ས་ཞིག་ཡིན་འདུག །

 

དབྱིན་ཇིའི་གྲོས་ཚོཌ་ནང་བོད་དོན་གླེང་སློང༌།

ཟླ་འདིའི་ཚེས་༨ ཉིན་དབྱིན་ཇིའི་གྲོས་ཚོགས་འོག་མའི་ནང་འགྲོ་བ་མིའི་ཐོབ་ཐང་དང༌། བོད་དོན་སྐོར་ལ་དབྱིན་ཇིའི་གཞུང་གི་ག་རེ་གནང་གི་ཡོད་མེད་སྐོར་ལ་དྲི་བ་དྲིས་ལན་ཞིག་གནང་ཡོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་དབྱིན་ཡུལ་ཕྱི་སྲིད་བློན་ཆེན་གཞོན་པར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པས་དབྱིན་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ག་རེ་གནང་གི་ཡོད་པ་དང༌། བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་སྐོར་དྲིས་པ་ན། ནམ་རྒྱུན་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དང༌། ཆབ་སྲིད་བཙོན་པའི་གནས་སྟངས་གླེང་སློང་བྱེད་ཀྱི་ཡོད་པ་དང༌། དབྱིན་ཇིའི་སྲིད་བློན་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་འཆར་ཡོད་པས། དེའི་སྐབས་ཀྱང་གླེང་སློང་གནང་གི་ཡིན་སྐོར་དང༌། ཟླ་འདིའི་མཇུག་ཙམ་ལ་དབྱིན་ཇིའི་དང་རྒྱ་ནག་གི་དཔོན་རིགས་བར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས་ཀྱང་གླེང་སློང་གནང་རྒྱུ་ཡིན། རྒྱ་ནག་གིས་གསར་འགོད་རང་དབང་དང༌། ཆོས་དད་རང་དབང་ད་དུང་ཡར་རྒྱས་བཏང་མེད་སྐོར་གསུངས་ཡོད་འདུག།

པེ་ཅིང་ཨོ་ལིམ་ཕིག་གི་དབུ་འབྱེད་མཛད་སྒོར་ཞུགས་རྒྱུ་མ་རེད།

ཟླ་༡ ཚེས་༢༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་རྒྱལ་སྲས་ཆཱ་ལི་སི་མཆོག་༢༠༠༨ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་གཏན་ཁེལ་བའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་རྒྱུ་མིན་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཏམ་བརྗོད་རང་དབང་དང་ཆོས་དད་རང་དབང་བཅས་ལ་དྲག་གནོན་བྱས་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ། དེ་འདྲ་བའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོང་ཐབས་སུ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་རང་དབང་ལས་འགུལ་ཚོགས་པའི་ངོས་ནས་དབྱིན་ཇིའི་རྒྱལ་སྲས་ཆཱ་ལི་སི་མཆོག་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་རེད། ཞུ་སྙན་དེའི་ནང་༢༠༠༨ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་མཛད་སྒོར་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུས་ཡོད་པར་བརྟེན། དབྱིན་ཇིའི་རྒྱལ་སྲས་ཀྱི་སྐུ་སྒེར་དྲུང་གཞོན་ཁེ་ལ་ཡེབ་ཨོལ་ཌར་ཊེན་ལགས་ཀྱིས་བཀའ་ལན་དུ། ཁྱེད་རྣམ་པས་ཕྱག་བྲིས་ནང་དུ་༢༠༠༨ ལོར་རྒྱ་ནག་ཏུ་འཚོག་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་རྒྱལ་སྲས་མཆོག་ངོ་བཅར་མི་གནང་བའི་རེ་བ་ཡོད་སྐོར་འཁོད་ཡོད་པ་ལྟར་རྒྱལ་སྲས་མཆོག་དབུ་འབྱེད་མཛད་སྒོར་ཞུགས་གནང་གི་མ་རེད་ཅེས་དང༌། རྒྱལ་སྲས་ཆཱ་ལི་སི་མཆོག་གིས་སྐུ་སྒེར་གྱི་ངོས་ནས་བོད་ཀྱི་གནད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་གི་ཡོད་པ་དང༌། ལྷག་པར་དུ་ཁོང་གིས་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་ཐེངས་མང་པོ་ཞུ་མྱོང་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྔར་ལས་ཤུགས་ཆེ་བ་གསལ་སྟོན་གནང་ཡོད་པ་རེད་ཅེས་སོགས་འཁོད་ཡོད་པ་རེད།

གཞན་ཡང་བོད་རང་དབང་ལས་འགུལ་ཚོགས་པའི་ངོས་ནས་འཛམ་གླིང་ནང་གི་དབུ་ཁྲིད་གཞན་མང་པོ་ཞིག་ལའང་འབོད་སྐུལ་བརྒྱུད་དབྱིན་ཇིའི་རྒྱལ་སྲས་མཆོག་གིས་གནང་བ་ལྟར། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུར་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཡོང་ཐབས་སུ་རྒྱ་ནག་གཞུང་གི་མགྲོན་ཤོག་རྣམས་ལ་དང་ལེན་མི་གནང་བའི་སྒོ་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅིང༌། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་རྒྱ་ནག་ལ་འཚོག་རྒྱུའི་གོ་སྐབས་བྱུང་བ་ནས་བོད་ནང་དྲག་གནོན་བྱ་རྒྱུའི་སྲིད་བྱུས་དེ་དམ་དུ་ཕྱིན་ཡོད་པ་ལས་ལྷོད་དུ་འགྲོ་ཡི་མེད་ལུགས་གསལ་བསྒྲགས་སྤེལ་ཡོད་པ་རེད།